རྒྱལ་མོ་རོང་གི་གཡུང་དྲུང་ལྷ་སྟེང་དགོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-07   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

རྒྱལ་མོ་རོང་གི་གཡུང་དྲུང་ལྷ་སྟེང་དགོན། | ཀྲུང་གོ་བོད་ཀྱི་དྲ་བ།


སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་ཁོངས་གཏོགས་ཆུ་ཆེན་རྫོང་ཨ་ཉིན་ཞང་དུ་ཆགས་པའི་གཡུང་དྲུང་ལྷ་སྟེང་དགོན་ནི། རྒྱལ་བ་མཉམ་མེད་པ་ཆེན་པོའི་འཁྲུངས་གཞིས་ཀྱི་དགོན་གནས་ཡིན་པས་གཡུང་དྲུང་བོན་ཕྱོགས་སུ་གྲགས་པ་ཆེ་ཞིང་། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་དགོན་སྡེ་གཙོ་བོ་གཉིས་ཀྱི་གྲས་ཡིན། དེ་ཡང་དགོན་པའི་གླིང་དུ་ཡོད་པའི་རྡོ་རིང་རྙིང་པར་འཁོད་པ་ལྟར་ན། སྔོན་རབ་བྱུང་དང་པོའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ1048ལོར་གཡུང་དྲུང་བོན་གྱི་བསྟན་པའི་འདུ་གནས་སུ་དགོངས་བཞེས་གནང་བ་ནས་བཟུང་། འདྲེན་པ་གང་དང་མཆོད་ཡོན་གྱི་འབྲེལ་བ་དམ་ཟབ་ཡོད་པའི་བསྟན་པའི་སྦྱིན་བདག་ཆེན་པོ་མི་དབང་ཆུ་ཆེན་རབ་བརྟན་རྒྱལ་པོའི་སྐུ་སྲས་ནམ་མཁའ་ཡེ་ཤེས་རྒྱལ་པོ་ཞེས་པ་དེ་ཆུང་དུས་ནས་ཐུགས་སྒམ་ཞིང་བློ་རིག་རྣོ་བ་ཁོང་གིས་ཀྱང་སྨོན་རྒྱལ་འགྲོ་བའི་འདྲེན་པ་སངས་རྒྱས་རིན་ཆེན་དཔལ་བཟང་པོ་མཆོག་དང་མཆོད་ཡོན་གྱི་འབྲེལ་བའི་རྒྱུན་བསྐྱངས་ཏེ་བསྟན་པའི་སྦྱིན་བདག་ཏུ་གྱུར། འདྲེན་པ་གང་གི་ཐུགས་རྗེ་ལ་བརྟེན་ནས་ས་གནས་དེའི་ཁྱོན་ཡངས་པའི་ཕུ་མདའ་བར་གསུམ་ཀུན་ཏུ་གཡུང་དྲུང་བོན་གྱི་གསས་ཁང་དང་གཙུག་ལག་ཁང་བཞེངས་ཤིང་། གཙུག་ལག་ཁང་གི་ལྡེབས་ངོས་སུ་ལྷ་སྐུ་དང་མཆོད་ཡོན་གྱི་བྲིས་འབུར། རྒྱུ་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་བླུག་བརྡུང་སྐུ་འབག་སོགས་སྐུ་རྟེན་དང་རྒྱལ་བའི་གསུང་རབ་བཀའ་དང་བཀའ་བརྟེན་གྱི་གླེགས་བམ་ཡང་བགྲང་ལས་འདས་པ་བཞུགས་སུ་གསོལ་བ་དང་། སུམ་ལྡན་ངུར་སྨྲིག་འཛིན་པའི་འདུས་སྡེ་རྣམས་ལ་བསྙེན་བཀུར་དང་མཆོད་སྤྲིན་རྒྱ་ཆེར་ཕུལ་ཏེ། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དགུང་དུ་བཏེགས་ནས་རྣམ་པ་ཀུན་ཏུ་དགེ་སྤྱོད་ཀྱིས་ཡུལ་ཁམས་ཀུན་འགེངས་པར་མཛད། དེ་བཞིན་རྒྱལ་རྒྱུད་འཛིན་པའི་སྲས་ཀྱང་མཁས་མཆོག་སློབ་དཔོན་ཚུལ་ཁྲིམས་དབང་ལྡན་དང་། བསོད་ནམས་ཕུན་ཚོགས། རྒྱལ་བ་འོད་ཟེར། བསོད་ནམས་དབང་གི་རྒྱལ་པོ་སོགས་སྙན་གྲགས་ཆེ་ཞིང་མཁས་གྲུབ་གཉིས་ལྡན་གྱི་བླ་རབས་དུ་མ་བྱོན།

བོད་རབ་བྱུང་དང་པོའི་མི་ཟད་ཅེས་པ་མེ་ཕོ་ཁྱི་སྟེ་སྤྱི་ལོ1046ལོར་གཡུང་དྲུང་བོན་གྱི་འདུས་སྡེ་ཆེན་པོ་གཡུང་དྲུང་ལྷ་སྟེང་དགོན་འདི་ཉིད་གསར་དུ་བཞེངས་པའི་རྨང་གཞི་བཏིངས་ཤིང་། སྨོན་རྒྱལ་སུམ་ལྡན་སློབ་དཔོན་ཆེན་པོ་བསོད་ནམས་རྒྱལ་མཚན་མཆོག་གིས་ཐོག་མར་བཀྲ་ཤིས་ཞལ་བསྲོའི་མངའ་དབུལ་ཏེ་གཞིར་རབ་གནས་རྒྱ་ཆེར་མཛད། བསྟན་སྦྱིན་ཆེན་མོ་ལྕགས་ལ་རོང་གི་རྒྱལ་པོ་དང་། བཙན་ལྷ་རྒྱལ་པོ། ཝོ་གཞི་རྒྱལ་པོ། སེ་མོ་རྫིང་འགག་རྒྱལ་པོ། ཅོག་ཙེ་རྒྱལ་པོ། དམ་བྷའི་རྒྱལ་པོ། ཁྲོ་སྐྱབས་རྒྱལ་པོ། གཟིམ་གཡོག་རྒྱལ་པོ། དགེ་བཤེས་རྒྱལ་པོ། ཡར་རྒན་རྒྱལ་པོ་བཅས་ཀྱིས་ཞབས་ཏོག་ཕུལ་བས་ཟླ་བ་བཞི་ཡི་ནང་དགོན་པའི་རྟེན་དང་བརྟེན་པ་བསྐྱར་བཞེངས་ལེགས་གྲུབ་བྱུང་། དེ་ནས་སྤྱི་ལོ1047མེ་ཕག་ལོར་ཁང་ཚན་བརྒྱ་དང་བཅོ་ལྔ་བསྐྲུན་ནས་ཟླ་བ་ལྔ་པའི་ཡར་ཚེས་སུ་བོད་རང་གི་ལྷ་བཟོ་ལྔ་བཅུ་རྩ་གྲངས་ཀྱིས་ཟླ་བ་གཉིས་ཀྱི་ནང་ལ་ལྷ་བྲིས་ཀྱི་བྱ་བ་ཡོངས་རྫོགས་བསྒྲུབས་ཤིང་། མཁན་ཆེན་བསོད་ནམས་རྒྱལ་མཚན་དང་། སྟག་དངོས་བླ་བ་ཤེས་རབ་གཡུང་དྲུང་སོགས་རྟོགས་ལྡན་རྣམ་པ་བཞི་ཡིས་ལམ་གྱི་མངའ་དབུལ་རབ་གནས་རྒྱས་པར་མཛད་པས། རྟེན་འབྲེལ་གྱི་འཇའ་ཚོན་ཤར་བ་སོགས་བཀྲ་ཤིས་པའི་ལྟས་བཟང་མངོན་པར་ཤར། དེ་ཡི་རྗེས་སུ་བཀའ་བློན་རྒྱལ་བསྟན་དང་། སྨོན་རྒྱལ་རབ་འབྱམས་བསྟན་པའི་རྒྱལ་མཚན། སྨོན་རྒྱལ་སངས་རྒྱས་རིན་ཆེན་སོགས་ཀྱིས་འབྲས་བུའི་མངའ་དབུལ་རབ་གནས་མཛད་ཅིང་། བསྟན་གཡུང་སོགས་ཀྱིས་བཤད་གྲྭའི་སྡེ་ལའང་རབ་གནས་མཛད་པས། མངོན་པར་དགེ་བའི་ལྟས་བཟང་རྨད་དུ་བྱུང་སྟབས་རྒྱལ་འབངས་ཡོངས་ནས་ཀྱང་རྟེན་འབྲེལ་དུ་དགའ་དད་སྤྲོ་གསུམ་ཆེན་པོའི་ངང་སྟོན་མོ་རྒྱ་ཆེར་བྱས། མི་དབང་ཆེན་པོ་ནམ་མཁའི་མཚན་ཅན་གྱིས་ཀྱང་རིག་འཛིན་ཀུན་གྲོལ་གྲགས་པའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་མནོས་པས་ཚུལ་མཚན་དུ་ནམ་མཁའ་གཡུང་དྲུང་ཡེ་ཤེས་དབང་རྒྱལ་ཞེས་བསྩལ། དེ་རྗེས་འཇིག་རྟེན་གྱི་སྣང་བ་ཀུན་སྒྱུ་མའི་རྣལ་རོལ་དུ་མངོན་པར་གཟིགས་ནས་ཕྱིས་མཁན་ཆེན་བསོད་ནམས་རྒྱལ་མཚན་ལས་སོ་ཐར་གྱི་བསླབ་སྡོམ་ཞུས་ཏེ་རབ་ཏུ་བྱུང་ཞིང་། ཚུལ་མཚན་དུ་ནམ་མཁའ་ཡེ་ཤེས་སུ་གསོལ་བས་ཚངས་པར་སྤྱོད་པའི་ཁྲིམས་དང་ལྡན་ལ། དབང་བཞིའི་ཐུགས་རྒྱུད་སྨིན་ཞིང་བྱང་ཆུབ་སེམས་ཀྱིས་ཐུགས་བཅུད་རབ་ཏུ་གཏམས་པར་གྱུར། དེ་ལྟར་དགོན་ཆེན་མི་འགྱུར་གཡུང་དྲུང་ལྷ་སྟེང་འདི་ཉིད་གོང་དུ་བཀུར་བའི་སྨོན་རྒྱལ་རབ་འབྱམས་པ་དང་། མཁན་ཆེན་བསོད་ནམས་རྒྱལ་མཚན་ཟུང་གིས་ས་འཛིན་ཞེས་པ་ས་ཕོ་བྱི་བའི་ལོའི་ཟླ་བ་དང་པོར་ཡར་ཚེས་ཤིས་པའི་ཉིན་ནས་བདག་སྐྱོང་གནང་སྟེ། གླིང་གི་བཅའ་སྒྲིག་དང་ཚོགས་ཀྱི་དགེ་སྤྱོད་སོགས་ལ་སྟངས་འཛིན་བརྩེ་གཟིགས་ཐོག་དགེ་འདུན་བརྒྱ་ཕྲག་མང་པོས་བཤད་སྒྲུབ་ཀྱི་བྱ་བ་རྒྱ་ཆེར་དར་བར་ཡིན་ཏེ། རྡོ་རིང་དེ་ཉིད་ལས། མ་མཉམ་མི་མཉམ་མཉམ་མེད་རྗེས་སུ་འབྲངས། །རྒྱལ་བསྟན་ལེགས་བྱས་བི་ཤོས་སོར་རྩེས་བསྐྲུན། །དབང་ཕྱོགས་སྤོ་མཐོན་ཕྲག་པར་གཟི་འབར་ཚེ། །རྒྱ་མཚོའི་གོས་ཅན་སྔ་འགྱུར་པད་ཚལ་རྒྱས། །ལུས་ཅན་རྐང་དྲུག་དོན་གཉིས་རོ་ལ་དགྱེས། ། མཆོད་ཡོན་དགོན་གསུམ་ལོ་རབས་ཟུར་ཙམ་མོ། །ཞེས་གསལ་བ་ལྟར་ལོ་རབས་བརྒྱ་ཕྲག་དུ་མའི་རིང་ལ་དགོན་རྙིང་འདི་ཉིད་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་གཡུང་དྲུང་བོན་སྡེ་ཀུན་གྱིས་བཀུར་བའི་ཞིང་ས་ཆེན་པོར་གྱུར་བའོ། །སྤྱི་ལོ1778ལོར་དགེ་ལུགས་པའི་གྲུབ་མཐར་བསྒྱུར་ཏེ་དགོན་པའི་མིང་ལ་དགའ་ལྡན་བསྟན་འཕེལ་གླིང་ཞེས་བཏགས་པས་རྒྱ་ནག་གོང་མའི་མཆོད་གནས་ཀྱི་དགོན་ཆེན་བཞིའི་ཡ་གྱལ་དུ་གྱུར་ཅིང་། མིང་ལ་རྒྱ་སྐད་དུ་གུའང་ཧྥ་སི(广法寺)ཞེས་ཀྱང་ཐོགས། སྔར་བོན་དགོན་ཡིན་སྐབས་ཀྱི་མཚན་ནི་གཡུང་དྲུང་ལྷ་སྟེང་ཞེས་གྲགས་པ་ལྟར་འདུ་ཁང་ཆེན་མོའི་རྡོ་གཅལ་རྣམས་སུ་གཡུང་དྲུང་གི་རིས་གཟུགས་ཡོད་ཀྱང་། ཕྱིས་སུ་དགེ་ལུགས་པས་རྡོ་ལེབ་དེ་དག་མགོ་སློག་པའི་སྟེང་མེ་ཏོག་པད་མའི་གཟུགས་རིས་རེ་བརྐོས་སྟབས་དེ་ནས་བཟུང་དགོན་པའི་མཚན་ཡང་པད་མ་ལྷ་སྟེང་ཞེས་ཡོངས་གྲགས་སུ་གྱུར་ཅིང་། བཤད་སྒྲུབ་ཀྱི་ཆོས་སྤྱོད་ཡོད་ཚད་དབུས་ཀྱི་གདན་ས་ཆེན་པོ་བཞིའི་ཡ་གྱལ་དཔལ་ལྡན་འབྲས་དཀར་སྤུངས་པའི་ཕྱག་ལེན་བཞིན་བཙུགས་ཤིང་། དགའ་ལྡན་ཕོ་བྲང་གི་སྟངས་འཛིན་འོག་དགོན་བདག་ཀྱང་འབྲས་སྤུངས་ནས་གཏོང་སྲོལ་བྱུང་བ་བཞིན་སྤྱི་ལོ1950ཙམ་གྱི་བར་དགེ་ལུགས་པའི་མཁན་པོ་ཞེ་གཅིག་བྱོན་པ་དང་། རིག་གནས་གསར་བརྗེ་ཆེན་མོའི་སྐབས། དགོན་གནས་འདི་ཉིད་གཞན་དང་སྤྱི་མཚུངས་ཀྱིས་ལོ་རབས་དུ་མའི་རིང་ལ་མིང་མེད་དུ་གྱུར་པའི་མཐར། བོད་རབ་བྱུང་བཅུ་དྲུག་པའི་མེ་སྟག་ལོ་སྟེ། སྤྱི་ལོ1986ལོར་ཆོས་སྒོ་ཕྱེས་ཤིང་། རྔ་ཡུལ་གྱི་རྟོགས་ལྡན་སྨིན་གྲོལ་བཀྲ་ཤིས་འཁྱིལ་གྱི་བོད་བློན་བླ་མ་ནམ་མཁའ་བསྟན་འཛིན་གྱིས་ཐུགས་འགན་གཙོ་བོ་བཞེས་ཏེ1989ལོར་གཡུང་དྲུང་ལྷ་སྟེང་དགོན་གྱི་རྟེན་དང་བརྟེན་པ་བསྐྱར་བཞེངས་ཀྱི་ལས་གཞི་ཡོངས་སུ་ལེགས་འགྲུབ་བྱུང་བས། སྤྱི་ལོ1990ནས་བཟུང་བླ་མེད་དང་། བྲག་དབེན། ཁྱུང་ལུང་སོགས་རྒྱལ་རོང་གི་བོན་དགོན་ཁག་འདྲ་མིན་ནས་ལོ་རེ་བཞིན་ཁྲི་པ་དང་། མཁན་པོ། བདག་གཉེར་བཅས་བསྐོ་བཞག་བྱས་ཏེ་འཛིན་སྐྱོང་གནང་དང་གནང་བཞིན་པའོ། །