རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་9ཚེས་15ཉིན་བདེ་ཆེན་ཁུལ་མི་རིགས་གླུ་གར་ཚོགས་པ་གསར་རྩོམ་དང་རྩོམ་སྒྲིག་བྱས་པའི་འགྲན་ཞུགས་ལེ་ཚན《དགའ་སྤྲོའི་སྟོན་བསྡུ》ཞེས་པར་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་ཁྲོད་གསེར་གྱི་བྱ་དགའ་དང་འཁྲབ་སྟོན་གྱི་གསེར་གྱི་བྱ་དགའ་ཐོབ་པ་རེད། ཉིན་དེར་ལུས་རྩལ་པ་དང་འཁྲབ་ཁྲིད་པས་འབད་བརྩོན་བྱས་པར་བརྟེན《དགའ་སྤྲོའི་སྟོན་བསྡུ》ཞེས་པ་འཁྲབ་སྟོན་རྣམ་གྲངས་ཀྱི་རྩལ་འགྲན་རིགས་ཀྱི་འགྲན་བསྡུར་ནང་ཞུགས་པའི་ལེ་ཚན་55ཡི་ཁྲོད་ནས་དམིགས་སུ་ཐོན་ཏེ་རེས་སྐོར་དང་པོར་སྐར་མ་9.46ཡི་འགྲན་བསྡུར་གྱི་གྲུབ་འབྲས་དང་རེས་སྐོར་གཉིས་པར་སྐར་མ་9.38ཡི་འགྲན་བསྡུར་གྱི་གྲུབ་འབྲས་ཐོག་ནས་སྐར་མ་མཐོ་ཤོས་བླངས་པ་དང་རྣམ་གྲངས་ཀྱི་བྱ་དགའ་དང་པོ་ལས་གསེར་གྱི་བྱ་དགའ་ཐོབ།
སྐབས་འདིའི་མི་རིགས་ལུས་རྩལ་འགྲན་ཚོགས་ནང་ཡུན་ནན་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་སྤྱིའི་མི་གྲངས་545ཡོད་པ་དེ་མི་རིགས་26ལས་གྲུབ་ཡོད། འགྲན་བསྡུར་རྣམ་གྲངས་17དང་འཁྲབ་སྟོན་རྣམ་གྲངས་10ཡི་འགྲན་བསྡུར་ནང་ཞུགས་པ་རེད། བདེ་ཆེན་ཁུལ་མི་རིགས་གླུ་གར་ཚོགས་པ་གསར་རྩོམ་དང་རྩོམ་སྒྲིག་བྱས་པའི་འགྲན་ཞུགས་ལེ་ཚན《དགའ་སྤྲོའི་བསྡུ་བ》ཞེས་པས་བདེ་ཆེན་དང་ཡུན་ནན་གྱི་ཚབ་བྱས་ནས་འཁྲབ་སྟོན་རྣམ་གྲངས་ཀྱི་རྩལ་འགྲན་རིགས་ཀྱི་འགྲན་བསྡུར་ནང་ཞུགས།
《དགའ་སྤྲོའི་སྟོན་བསྡུ》ཞེས་པའི་ནང་ལོ་བྲེག་ནས་ཤོག་བྱེད་པ་དང་། ནས་ཁུར་བ། ནས་སྐམ་བཅས་རིམ་པ་གསུམ་བརྒྱུད་དེ་བདེ་ཆེན་མཐོ་སྒང་གི་བོད་རིགས་མང་ཚོགས་ཀྱིས་སྟོན་བསྡུའི་སྐབས་ཀྱི་དགའ་སྤྲོའི་རྣམ་པ་ཇི་མ་ཇི་བཞིན་མངོན་པར་བྱས་ཡོད་པ་མ་ཟད། འཁྲབ་སྟོན་གྱི་ནང་བོད་ཀྱི་དམངས་ཁྲོད་རོལ་རྩེད་འགའ་ཁ་སྣོན་བྱས་ཡོད་དེ་འཁྲབ་སྟོན་ལ་སྔར་ལས་སྤྲོ་བ་དང་སྒྱུ་རྩལ་གྱི་སྣང་བ་ཞིག་གིས་ཁེངས་པ་བྱས་པ་ཡོད།