པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་ཟི་ལིང་ནས་འགྲེམ་སྤེལ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-27   རྩོམ་ཁུངས།    མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔར་བས་དར་སྤེལ་དང་སྲུང་སྐྱོབ། ཀྲུང་ཧྭ་མི་རིགས་སྤྱི་མཐུན་འདུ་ཤེས་བརྟན་པོར་བསྐྲུན་ཆེད། 2019ལོའི་ཟླ9ཚེས26ཉིན་གྱི་སྔ་དྲོའི་ཆུ་ཚོད9ཡི་སྟེང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱིས་འགན་སྒྲུབ་བྱས་པའི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་དགོངས་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་དང་། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་དཔེ་སྐྲུན་ལེགས་པར་གྲུབ་པའི་དཔེ་ཕུད་ཀྱི་མཚོ་སྔོན་ས་ཆའི་འགྲེམ་སྤེལ་མཛད་སྒོ་ཟི་ལིང་གྲོང་ཁྱེར་མཚོ་སྔོན་དགེ་འོས་སློབ་ཆེན་དུ་བསྡུས།

     ཚོགས་འདུའི་སྟེང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱིའི་ལས་འཛིན་གཞོན་པ་ཟུར་པ་བློ་བཟང་ལྷུན་འགྲུབ་རྡོ་རྗེ་དང་།  མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཞུང་ཝེ། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མཱ་ཀྲི་མེན། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཚན་ཞིབ་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་ལི་ཙོ་ཐེ། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་བཀྲ་བྷ་སོགས་པེ་ཅིན་དང་། བོད་ལྗོངས། སི་ཁྲོན། ཀན་སུའུ། མཚོ་སྔོན་སོགས་མཐོ་སློབ་དང་། ཚན་ཞིབ་ལས་ཁུངས་ཀྱི་ཆེད་མཁས་པ། བོད་བརྒྱུད་ནང་བསྟན་མི་སྣ། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་སློབ་སོགས་མི200ལྷག་ཐེངས་འདིའི་མཛད་སྒོར་ཞུགས།

    མཛད་སྒོའི་སྟེང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ཏང་ཨུ་ཧྲུའུ་ཅི་ཀྲང་ཞུང་ཝེ་ཡིས་གཏམ་བཤད་གནང་ལ། ཁོང་གིས་བཤད་རྒྱུར། པཎ་ཆེན་སྐུ་ཕྲེང་རིམ་བྱོན་ནི་བོད་བརྒྱུད་ནང་བསྟན་གྱི་ཆེས་བླ་ན་མཐོ་ཞིང་། ཆེས་ཤན་ཤུགས་ཆེ་བའི་དབུ་ཁྲིད་ཅིག་ཡིན་ལ། ཁོ་ཚོ་ནི་ཤེས་བྱ་ཡོན་ཏན་གྱིས་ཕྱུག་ཅིང་། ནང་ཆོས་ཀྱི་རྟོགས་པ་མཐོ་བར་མ་ཟད། དུས་ནམ་ཡང་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྟོབས་ཤུགས་བླ་མེད་བཏོན་པས། རིགས་སོ་སོའི་དད་ལྡན་མང་ཚོགས་ཀྱི་བརྩི་བཀུར་དང་གུས་བཀུར་ཆེན་པོ་ཐོབ་ལ། རྒྱལ་ཁབ་ལ་དགའ་བ་དང་མི་དམངས་ལ་དགའ་བའི་དཔེ་སྟོན་གྱི་མི་སྣར་གྱུར་ཡོད། དེ་བས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་དགོངས་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྒྲུབ་པ་ནི། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རིག་གནས་ཞིབ་འཇུག་དགོངས་པ་རྒྱུད་འཛིན་དང་དར་སྤེལ་གཏོང་བ་ཡིན་ལ། དུས་རབས་གསར་པའི་ན་གཞོན་སློབ་མ་རྣམས་ལ་རྒྱལ་གཅེས་རིང་ལུགས་དང་། སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེང་བར་སློབ་གསོ་དང་སྐུལ་ལྕག་གཏང་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་ཡོང་བར་ཧུར་ཐག་འབད་འབུངས་བྱ་དགོས་ཟེར།

     ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཚན་ཞིབ་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་ལི་ཙོ་ཐེ་ཡིས་བཤད་རྒྱུར། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་དགོངས་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཚོགས་པ་ལ། རིགས་སོ་སོ་དང་ལས་རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་རླབས་ཆེན་ཀྲུང་གོ་གུང་ཁྲན་ཏང་ལ་ངོས་འཛིན་དང་། ཀྲུང་ཧྭ་མི་རིགས་ཀྱི་ངོས་འཛིན། ཀྲུང་ཧྭ་རིག་གནས་ཀྱི་ངོས་འཛིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོས་འཛིན་ལ་ཕན་ཐོགས་ཆེན་པོ་ཡོད་པ་དང་། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་པར་སྐྲུན་བྱས་པ་ཡིས། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་ཀྱི་སྲོལ་རྒྱུན་སྔོག་འདོན་དང་དར་སྤེལ་ལ་ཕན་ཐོགས་ལྡན་ལ། བོད་རིག་པའི་སྡེ་ཡིས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རིག་གཞུང་དགོངས་པའི་ཞིབ་འཇུག་འབྲས་བུ་ལ་སྤྱི་སྡོམ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་སྲོལ་རྒྱུན་རིག་གནས་ཀྱི་བང་མཛོད་གཏམས་པ་ལ་ཕན་ཐོགས་ཤིན་ཏུ་ཆེ་ཟེར།

ཚོགས་འདུའི་སྟེང་། ད་དུང་མཚོ་སྔོན་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་བཀྲ་བྷ་དང་། ཀྲུང་གོ་བོད་རིག་པ་པར་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་མགོན་པོ་དར་རྒྱས། བོད་ལྗོངས་གཞིས་ཀ་རྩེ་བཀྲ་ཤིས་ལྷུན་པོ་དགོན་པའི་དགེ་བཤེས་ཉི་མ་ཕུན་ཚོགས་བཅས་ཀྱིས་ཀྱང་གཏམ་བཤད་གནང་།

     པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་ལེགས་སྒྲིག་གི་ལས་གཞི་འདི་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོའི་ལས་གཞིའི་གྲས་སུ་བཙུད་ནས་མཚོ་སྔོན་དགེ་འོས་སློབ་ཆེན་པཎ་ཆེན་ཞིབ་འཇུག་གླིང་དང་བོད་ལྗོངས་བཀྲ་ཤིས་ལྷུན་པོ་དགོན་གཉིས་མཉམ་འབྲེལ་གྱིས་མ་དཔེ་འཚོལ་སྡུད་དང་ཡི་གེ་འབེབས་འཇུག  ཞུ་དག་གི་བྱ་བ་བཅས་ལས་འགན་ཡོངས་སུ་ཁུར་ནས་གྲུབ་པ་ཞིག་ཡིན་ལ། འདི་ནི་པན་ཆེན་སྐུ་ཕྲེང་དང་པོ་མཁས་གྲུབ་རྗེ་དགེ་ལེགས་དཔལ་བཟང་ནས་སྐུ་ཕྲེང་བཅུ་པ་པཎ་ཆེན་ཨེར་ཏེ་ནི་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་བར་གྱི་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་སྟེ། སྐུ་ཕྲེང་དང་པོའི་གསུང་འབུམ་ལ་དེབ་བཅུ་གཉིས་དང་། སྐུ་ཕྲེང་གསུམ་པར་དེབ་གཉིས། སྐུ་ཕྲེང་བཞི་པར་དེབ་ལྔ། སྐུ་ཕྲེང་ལྔ་པར་དེབ་བཞི། སྐུ་ཕྲེང་དྲུག་པར་དེབ་དགུ། སྐུ་ཕྲེང་བདུན་པར་དེབ་དགུ། སྐུ་ཕྲེང་བརྒྱད་པར་དེབ་གསུམ། སྐུ་ཕྲེང་དགུ་པར་དེབ་བཞི། སྐུ་ཕྲེང་བཅུ་པར་དེབ་གསུམ་བཅས་གསུང་འབུམ་ཧྲིལ་པོར་ཁྱོན་བསྡོམས་དེབ་ཆེན་ལྔ་བཅུ་ང་གཅིག་བཞུགས་པས། འདི་ནི་བོད་བརྒྱུད་ནང་བསྟན་གྱི་བསམ་བློའི་ལོངས་སྤྱོད་གཞལ་དུ་མེད་པའི་རིན་ཆེན་ནོར་བུ་ཞིག་དང་། ནང་བསྟན་ཆོས་ཀྱི་དབང་ལུང་མན་ངག་གི་གཏེར་མཛོད་རིན་ཐང་གཞལ་དུ་བྲལ་བ་ཞིག་ཡིན་པའོ། །