རྒྱལ་དར། རྒྱལ་གླུ། རྒྱལ་སྟོན་གྱི་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-10-01   རྩོམ་ཁུངས།    རྔ་བའི་འཕྲིན་སྟེགས།

རྒྱལ་དར་གྱི་བྱུང་བ།


     1949ལོའི་ཟླ་6པའི་ཚེས་16ཉིན། སྲིད་གྲོས་གསར་པའི་གྲ་སྒྲིག་ཚོགས་འདུའི་ཐོག་རྒྱལ་དར་དང་རྒྱལ་རྟགས་ཀྱི་པར་རིས་ཐོག་མའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་གཏན་འབེབས་བྱས་པ་དང་འབྲེལ། ལོ་དེའི་ཟླ་7པའི་ཚེས་14ཉིན་ནས་ཟླ་8པའི་ཚེས་15ཉིན་བར། མི་དམངས་ཉིན་རེའི་ཚགས་པར་སོགས་ཀྱི་སྟེང་དུ་བརྩམས་ཆོས་བསྡུ་རྒྱུའི་བརྡ་ཐོ་བཏང་བ་རེད།
 1949ལོའི་ཟླ་9པར། རྒྱལ་ཡོངས་སྲིད་གྲོས་སྐབས་དང་པོའི་ཚང་འཛོམས་གྲོས་ཚོགས་འཚོག་པའི་རིང་ལ། ཐོག་མའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་འབྱོར་ཟིན་པའི་བརྩམས་ཆོས་རི་མོ་3012ལྷག་གི་ཁྲོད་དུ་བརྩམས་ཆོས་38བདམས་པ་དང་འཐུས་མི་ཡོངས་ཀྱིས་ཚོ་ཆུང་ཁག་བགོས་ཀྱིས་གྲོས་སྡུར་བྱས་རྗེས། ཟླ་9པའི་ཚེས་25ཉིན་གྱི་དགོང་མོར་ཀྲུའུ་ཞི་མའོ་ཙེ་ཏུང་གིས་རྒྱལ་དར་དང་རྒྱལ་རྟགས། རྒྱལ་གླུ། ལོ་རྩིས། རྒྱལ་ས་བཅས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

    རྒྱལ་དར་གྱི་གནད་དོན་སྐོར་ལ་ཀྲུའུ་ཞི་མའོ་ཙེ་ཏུང་གིས་བསྟན་དོན།སྐར་ལྔའི་དར་དམར་གྱི་རི་མོ་འདིས་ང་ཚོ་གསར་བརྗེའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་མཚོན་ཡོད། ད་ལྟ་མཐུན་སྒྲིལ་ཆེན་པོ་བྱ་དགོས་ལ་འབྱུང་འགྱུར་ཡང་མཐུན་སྒྲིལ་ཆེན་པོ་བྱ་དགོས། དེར་བརྟེན་ད་ལྟ་ཡིན་ནའང་འདྲ། འབྱུང་འགྱུར་ཡིན་ནའང་འདྲ། མཐུན་སྒྲིལ་ཡིན་ལ་གསར་བརྗེ་ཡང་ཡིན། ཞེས་གསུངས། 1949ལོའི་ཟླ་9པའི་ཚེས་27ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཀྱི་འཐུས་མི་ཡོངས་ཀྱིས་གྲོས་ཆོད་ལ་གྲོས་འཆམ་བྱུང་སྟེ། ཚིན་ལེན་སུང་གིས་ཇུས་འགོད་བྱས་པའི་སྐར་ལྔའི་དར་དམར་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དུ་བདམས་ཤིང་། གྲོས་ཆོད་ལས་བསྟན་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་ནི་སྐར་ལྔའི་དར་དམར་ཡིན་པ་དེས་ཀྲུང་གོའི་གསར་བརྗེའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་མཚོན་ཡོད།

རྒྱལ་གླུ་ཡི་བྱུང་བ།

     ཀྲུང་གོ་གསར་པ་མ་བཙུགས་གོང་ལ་མི་དམངས་སྲིད་གྲོས་ཀྱིས་རྒྱལ་གླུ་སྐོར་གྱི་ཚོགས་འདུ་འཚོགས་པ་དང་། མིང་གྲགས་ཅན་གྱི་རི་མོ་བ་ཞུས་པེ་ཧུང་དང་འཛུགས་སྐྲུན་རིག་པ་བ་ལིའང་སི་ཁྲེང་གཉིས་ཀྱིས《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》རྒྱལ་གླུར་འོས་སྦྱོར་བྱས། མའོ་ཙེ་ཏུང་དང་ཀྲོའུ་ཨེན་ལའེ་ཡིས་ཁོ་ཚོའི་བསམ་འཆར་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། འོན་ཀྱང་མི་ལ་ལའི་སེམས་སུ་ཀྲུང་གོ་གསར་པ་འཛུགས་གྲབས་ཡོད་ནའང་། གླུ་དབྱངས་དེའི་ནང་གི“ཀྲུང་ཧྭ་མི་རིགས་ཉེན་ཁ་ཆེ་བའི་དུས་སུ་སླེབས”ཞེས་པ་དེ་དུས་ལས་ཡོལ་ཟིན་པས་ཚིག་བསྒྱུར་རྒྱུའི་བསམ་ཚུལ་འདོན་གྱིན་ཡོད། སྐད་ཆ་དེར་ཀྲོའུ་ཨེན་ལའེ་ཡིས་གསུངས་རྒྱུར་ཚང་མ་བདེ་བར་སྡོད་དུས་ཉེན་ཁ་མ་བརྗེད་ཅེས་ང་ཚོའི་རྣ་ལམ་དུ་ཉེན་བརྡ་ཡུན་རིང་གཏོང་དགོས་པའི་དྲན་སྐུལ་གནང་བ་རེད་ཟེར།
     1949ལོའི་ཟླ་9པའི་ཚེས་27ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་ཞིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་དངོས་སུ་མ་བཟོས་གོང་ལ། 《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》རྒྱལ་གླུ་བྱས།
     1978ལོའི་ཟླ་3པའི་ཚེས་5ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་ལྔ་པའི་གྲོས་ཚོགས་ཐེངས་དང་པོས《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》ཞེས་པའི་ཐ་སྙད་གསར་པ་དེ་རྒྱལ་གླུའི་གླུ་ཚིག་ཏུ་བསྒྱུར་བར་གྲོས་འཆམ་བྱུང་རྗེས། ཕྱོགས་སོ་སོས་དེར་བསམ་འཆར་མི་འདྲ་བ་བཏོན་ཏེ་རྒྱལ་གླུའི་སྔོན་གྱི་གླུ་ཚིག་སླར་གསོ་བྱ་དགོས་པའི་རེ་བ་བཏོན། 1982ལོའི་ཟླ་12པའི་ཚེས་4ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་ཞིང་། 1978ལོའི་ཟླ་3པའི་ཚེས་5ཉིན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་ཐ་སྙད་གསར་པ་ཕྱིར་འཐེན་བྱས་པ་དང་། ཐེན་ཧན་གྱིས་གཞས་ཚིག་དང་ཉིའར་གྱིས་གཞས་གདངས་བརྩམས་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》ཞེས་པ་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་རུ་སླར་གསོ་བྱས་པ་རེད།
    2004ལོའི་ཟླ་3པའི་ཚེས་14ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་རྩ་ཁྲིམས་དག་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་སྟེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་ནི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》ཡིན། ཞེས་གཏན་འབེབས་བྱས་པ་རེད།

རྒྱལ་སྟོན་གྱི་བྱུང་བ།

     ཟླ་10པའི་ཚེས་1ནི་ང་ཚོའི་རླབས་ཆེན་མེས་རྒྱལ་གྱི་སྐྱེས་སྐར་ཡིན། 1949ལོའི་ཟླ་10པའི་ཚེས་1ཉིན་ནི། ཀྲུང་གོ་གསར་པ་དབུ་བརྙེས་པའི་དྲན་གསོའི་ཉིན་མོ་ཡིན། འདིར་གསལ་བཤད་ཅིག་བྱ་དགོས་པ་ནི། མི་མང་པོ་ཞིག་གི་བག་ཆགས་ཁྲོད། 1949ལོའི་ཟླ་10པའི་ཚེས་1ཉིན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ། དམག་མི་དང་མང་ཚོགས་ཁྲི་10ལྷག་ཞུགས་ཡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་མཛད་སྒོ་ཆེན་མོ་སྤེལ་བ་དེ་རེད། དོན་དངོས་སུ་མི་རྣམས་ཀྱི་སེམས་ནང་གི་བག་ཆགས་དེ་ཡང་དག་ཅིག་མ་རེད། རྒྱུ་མཚན་ནི1949ལོའི་ཟླ་10པའི་ཚེས་1ཉིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་འཚོགས་པའི་མཛད་སྒོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་མི་དམངས་སྲིད་གཞུང་དབུ་བརྙེས་པའི་མཛད་སྒོ་ཡིན་པ་ལས། རྒྱལ་ཁབ་དབུ་བརྙེས་པའི་མཛད་སྒོ་ཆེན་མོ་ནི་མིན། དོན་དངོས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བབརྙེས་པ་དེའང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་ཡིན་ཞིང་། ལོ་དེའི་ཟླ་10པའི་ཚེས་1ཉིན་གྱི་གཟའ་འཁོར་གཅིག་གི་སྔོན་དེར་ཁྱབ་བསྒྲགས་བྱས་ཟིན་པ་ཡིན། སྐབས་དེ་དུས“རྒྱལ་ཁབ་དབུ་བརྙེས་པའི་མཛད་སྒོ”མི་ཟེར་བར། རྒྱལ་ཁབ་དབུ་བརྙེས་པའི་མཛད་སྒོ་གཟབ་རྒྱས། ཞེས་ཟེར་ལ། དེར་དེ་ལྟར་འབོད་པའི་དུས་ཚོད་ནི1949ལོའི་ཟླ་9པའི་ཚེས་21ཉིན་ཡིན། ཉིན་དེར་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་གྲ་སྒྲིག་ཚོགས་འདུའི་ཀྲུའུ་རེན་མའོ་ཙེ་ཏུང་གིས་སྲིད་གྲོས་སྐབས་དང་པོའི་ཚོགས་འདུ་མགོ་ཚུགས་པའི་གསུང་བཤད་ནང་ཀྲུང་གོ་གསར་པ་དབུ་བརྙེས་པ་ཁྱབ་བསྒྲགས་གནང་ཡོད་པ་རེད།
     དེས་ན་ཟླ་10པའི་ཚེས་1ཉིན་གྱི་རྒྱལ་སྟོན་ནི་ཅི་ཞིག་རེད། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་དང་པོའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་སྟེང་། ཨུ་ཡོན་ཞུས་ཀོང་ཕིང་གིས་གཏམ་བཤད་གནང་ནས་གསུངས་དོན།“ཨུ་ཡོན་མ་ཞུས་ལུན་ཐེངས་འདིར་གནང་བ་ཞུས་པས་ཕེབས་མ་ཐུབ་ལ། ཁོང་གིས་ང་ལ་མངགས་བཅོལ་གནང་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་ནི་རྒྱལ་ཁབ་དབུ་བརྙེས་པའི་ཉིན་མོ་ཡིན་དགོས། དེར་བརྟེན། ཐེངས་འདིའི་ལྷན་ཚོགས་ཀྱིས་ཟླ10པའི་ཚེས1ཉིན་ནི། རྒྱལ་སྟོན་ཉིན་མོར་གཏན་འཁེལ་བྱ་རྒྱུའི་ཐག་གཅོད་གནང་བར་རེ་བ་བཏོན། མའོ་ཙེ་ཏུང་གིས“ང་ཚོས་སྲིད་གཞུང་ལ་གྲོས་གཞི་བཏོན་ཏེ་སྲིད་གཞུང་ལ་ཐག་གཅད་དུ་འཇོག་དགོས”ཟེར། 1949ལོའི་ཟླ་10པའི་ཚེས་2ཉིན། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྟོན་དུས་ཆེན་སྐོར་གྱི་གྲོས་ཆོད》ལ་གྲོས་འཆམ་བྱུང་སྟེ་གཏན་འཁེལ་བྱས་དོན། ལོ་རེའི་ཟླ་10པའི་ཚེས་1ཉིན་ནི་རྒྱལ་སྟོན་དུས་ཆེན་ཡིན་པར་མ་ཟད། ཉིན་འདི་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པར་ཁྱབ་བསྒྲགས་བྱས་པའི་ཉིན་མོ་ཡིན་པར་བཀོད་ཡོད། དེ་ནས་བཟུང་ལོ་རེའི་ཟླ་10པའི་ཚེས་1ཉིན་ནི། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཡོངས་ཀྱིས་གཟབ་རྒྱས་ངང་དགའ་སྟོན་རྟེན་འབྲེལ་ཞུ་བའི་དུས་ཆེན་ཞིག་ཏུ་གྱུར་པ་ཡིན་ནོ།།