བདེ་ཆེན་མི་རིགས་གཞས་པའི་གླུ་ལེན་ཆེད་ཚོགས་ཟླ་འོད་ཐང་ཆེན་ནས་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-10-03   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ10པའི་ཚེས2ཉིན་གྱི་དགོང་མོར། རང་ཁུལ་གྱི་ས་གནས་ཁག་གི་གླུ་བ་གྲགས་ཅན་སེམས་ཀྱི་ཉི་ཟླའི་ཟླ་འོད་ཐང་ཆེན་དུ་འཛོམས་ནས་འཛམ་གླིང་གི་ཤམ་བྷ་ལའི་རིག་གནས་ཡུལ་སྐོར་གཟའ་འཁོར་གྱི་རིམ་སྤེལ་རིག་གནས་བྱེད་སྒོ་སྟེ།མི་རིགས་ཀྱི་གཞས་པའི་གླུ་ལེན་ཆེད་ཚོགས་སྤེལ་བ་རེད།

    རང་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་དང་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྐུ་མགྲོན་ཚོས་ངོ་ལ་དགའ་སྤྲོའི་འཛུམ་མདངས་འཕྱུར་ཏེ་མི་རིགས་རོལ་དབྱངས་ཀྱི་སྟོན་མོ་གཟབ་རྒྱས་མཉམ་དུ་ལོངས་སྤྱོད་བྱས་པ་རེད།   གླུ་ལེན་ཆེད་ཚོགས་དེ་《འོད་སྟོང་འབར་བའི་ལོ་ཟླ》དང་། 《ཞི་མཐུན་གྱི་ཁྱིམ་གཞིས》《ཕུགས་འདུན་སྒྲུབ་པའི་ས་མཐོ》《འོད་སྟོང་འབར་བའི་ཕྱོགས་སུ་སྐྱོད་པ》ཞེས་ལེའུ་བཞི་རུ་དབྱེ་ཡོད།གླུ་ལེན་ཆེད་ཚོགས་ཐོག་ བདེ་ཆེན་ནས་ཡིན་པའི་གཞས་པ་བཀྲ་ཤིས་གཡང་འཛོམས་ཀྱིས《མའོ་ཀྲུའུ་ཞིའི་གཟི་བརྗིད》ཀྱིས་གླུ་གཞས་དགོང་ཚོགས་ཀྱི་གླུ་སྒོ་འབྱེད་པ་རེད།དེ་རྗེས་ སེམས་ཀྱི་ཉི་ཟླའི་ཚན་སྡེབ་དང་། གངས་ཕྲུག་ཚན་སྡེབ། བློ་བཟང་ཤེས་རབ་སོགས་སྔ་རྗེས་སུ་གར་སྟེགས་སུ་བུད་དེ་ 《པེ་ཅིང་ལ་ཡིད་སྨོན་བྱེད་པ》དང་། 《དར་དམར་ལྷབ་ལྷུབ་ཏུ་གཡོ་བ》《རི་གླུ། 》《འཛམ་གླིང་གི་སེམས་ཀྱི་ཉི་ཟླ》《ལི་སུའུ་ཡི་ཆང་གཞས》《ཀྲུང་གོའི་ཕུགས་འདུན·བདེ་ཆེན་གྱི་ཕུགས་འདུན》《མེས་རྒྱལ། ཁྱེད་ལ་སྨོན་འདུན་ཞུ།》 《སླར་ཡང་གླུ་བླངས་ནས་ཏང་ལ་འབུལ་བ》《ཁ་བཏགས་དུས་རབས་གསར་པར་འབུལ་བ》སོགས་བླངས་ནས་ཡུལ་དངོས་ཀྱི་ལྟད་མོ་བས་དགའ་བསུ་ཚད་མེད་ཐོབ་པ་རེད། བྱེད་སྒོའི་ནང་ད་དུང་མོ་ཧྲང་ཆི་སོགས་དམངས་ཁྲོད་གཞས་པ་གྲགས་ཅན་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དར་དམར་སློབ་ཆུང་གི་བྱིས་པའི་གླུ་གཞས་མཉམ་གཏོང་ཚོགས་པ་གདན་ཞུ་བྱས་པས།རྒྱ་ཆེའི་ལྟད་མོ་བས་དགའ་བསུ་ཐོབ་པ་རེད། གླུ་ལེན་ཆེད་ཚོགས་མཇུག་འགྲིལ་རྗེས་མི་རིགས་ཁག་གི་མང་ཚོགས་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་ཐང་ཆེན་དུ་ཚང་མས་ལག་གདང་སྦྲེལ་ནས་མེ་ཕུང་ལ་བསྐོར་བྱས་ནས་གླུ་ལེན་གར་འཁྲབ་བྱས་ཏེ་དགའ་སྤྲོའི་ངང་དེང་སྐབས་ཀྱི་བདེ་སྐྱིད་འཚོ་བ་ལོངས་སུ་སྤྱོད་པ་རེད།

    རྒྱུས་ལོན་བྱུང་བ་ལྟར་ན།འཛམ་གླིང་གི་ཤམ་བྷ་ལའི་རིག་གནས་ཡུལ་སྐོར་གཟའ་འཁོར་གྱི་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ་བའི་དམིགས་ཡུལ་ནི་རང་ཁུལ་གྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཡུལ་སྐོར་བས་བདེ་ཆེན་གྱི་མི་རིགས་མང་པོ་དང་སྣ་མང་རིག་གནས་མཉམ་འདྲེས་ཀྱི་ཁྱད་ཆོས་མྱོང་ཚོར་གང་ལེགས་ཐུབ་པ་བྱས་ཏེ་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།དེ་རྗེས་ཀྱི་ཉིན་ཤས་ནང་བདེ་ཆེན་ཁུལ་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཐང་ཆེན་ཁག་ཏུ་སྣ་མང་ཕུན་སུམ་ཚོགས་པའི་གླུ་གར་འཁྲབ་སྟོན་བྱ་རྒྱུ་ཡིན་པ་རེད།