སྡེ་དགེ་པར་ཁང་གི་སྲོལ་རྒྱུན་དཔེ་ཆ་དཔར་འདེབས་ཀྱི་བརྒྱུད་རིམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-10-03   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

    

    སྤྱིར་བཏང་བྱས་ན་བོད་ཀྱི་པར་ཁང་སྐོར་བཤད་དུས་པར་ཇི་ལྟར་བརྐོས་ཚུལ་དང་བཞུགས་བྱང་གི་དཀར་ཆག་ཅེས་པ་ལས་པར་ཤིང་བརྐོ་འདེབས་ལག་རྩལ་གྱི་བརྒྱུད་རིམ་འཆད་སྲོལ་མེད། དེང་དུས་ལག་རྩལ་ཐམས་ཅད་དངོས་མིན་ཤུལ་བཞག་གི་གྲས་སུ་བཞག་ནས་དེ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་ལ་ལག་རྩལ་གྱི་བརྒྱུད་རིམ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཏུ་བརྩི། གལ་སྲིད་ལག་རྩལ་དེ་ཐུན་མིན་གྱི་ཁྱད་ཆོས་ཡོད་ན་དེ་བས་རིན་ཐང་ཆེ་ལ་དེ་མྱུར་སྐྱོབ་དང་། སྲུང་སྐྱོང་། རྒྱུན་འཛིན། དར་སྤེལ་གཏོང་དགོས་པ་རེད།
    བོད་ལ་མཚོན་ན་གསུང་རབ་ཐམས་ཅད་རྟེན་གསུམ་ལས་གསུང་རྟེན་གྱི་གྲས་སུ་བཞག་ནས་དད་པའི་རྟེན་དུ་བརྩི། དེར་བརྟེན། དེང་འཛམ་གླིང་ཐོག་གནའ་དཔེ་མང་ཤོས་ཀྱི་མི་རིགས་དེ་བོད་ཡིན། པར་བརྐོ་འདེབས་ཀྱི་ལག་རྩལ་ཡང་དུས་རབས་བཅུ་གསུམ་པ་ནས་བཟུང་གཅིག་གིས་གཅིག་ལ་བརྒྱུད་ནས་ད་བར་རྒྱུན་མ་ཆད་པ་ཡོད་པའི་མི་རིགས་ཀྱང་བོད་ཡིན། ལག་རྩལ་དེ་ལ་ཤིང་བཟོ་དང་ལྕགས་བཟོ། ཤོག་བཟོ། སྣག་བཟོ། སྤྱིན་བཟོ། ལྷ་བཟོ། ཡིག་བྲིས། ཡི་གེ་ཀློག་འདོན་པ། དཔེ་སྒྲིག་མཛེས་ཆའི་ཇུས་འགོད་པ་སོགས་ལག་ཤེས་ཀུན་འདུས་རང་བཞིན་ཅན་གྱི་ལག་རྩལ་ཞིག་ཡིན་པ་ནི་སུས་ཀྱང་ཤེས་སླ།
    དེའང་དཔེ་ཆ་པར་འདེབས་ལ་མཚོན་ན། ཐོག་མར་ཤོག་བུ་འབོར་ཆེན་ཞིག་ཡོད་དགོས། དེ་པར་གཞིའི་ཚད་རིང་ཐུང་དང་བསྟུན་ནས་དྲས་གྲི་རྣོན་པོ་དྲས་ཏེ། པོད་ཆེན་ཙམ་རྡོག་རྡོག་བྱས་ནས་ཆུ་གཞོང་ནང་ཆུ་ནུབ་ཙམ་གྱིས་ཡར་བླངས་ནས་ཞག་རེའི་རིང་ལ་ཤོག་རྡོས་གནོན་ཏེ་བང་བཅུག་ནས། ཕྱི་ཉིན་ཞོགས་པར་པར་འདེབས་ཁང་དུ་པར་མགོ་དང་། པར་སྒྲིལ། པར་རྩེག་གསུམ་ཚོ་ཆུང་རེ་སྟེ། སོ་སོས་བང་ཤོག་གསེད་གསེད་ཡང་ཡང་བྱས་པ་དང་།
    པར་ཤིང་པར་ཁྲི་ནས་ཁུར་ཏེ་པར་གདན་རུ་ཆེན་རུ་ཆུང་གང་དགོས་ཐོག་བཞག་ནས་ལས་འགོ་དངོས་སུ་འཛུགས་རྒྱུའི་གྲ་སྒྲིག་བྱེད། དེ་ནས་པར་མགོ་མཐོ་ཞིང་པར་སྒྲིལ་དམའ་ལ་གདོང་གཏད་དེ་མཐོ་དམའ་མི་མཉམ་པའི་འདུག་ཁྲིའི་སྟེང་ཙོག་བུ་འདུག་པའི་བར་དུ་པར་ཟམ་རིང་ཚད་འདོམ་ཐུང་གང་ཙམ་དང་ཞེང་ཚད་མཐོ་ཆེན་གང་། སྣེ་གཉིས་རྐང་པ་མཐོ་དམའ་མི་མཉམ་པ་ཞིག་གི་སྟེང་དུ་པར་ཤིང་བཞག པར་སྒྲིལ་གྱིས་པར་འདེབས་སྣག་གཞུང་ནང་ལ་སྣག་ཚ་ནུབ་ངེས་བསྒྲེས་ནས། དེ་མ་ཐག་པར་ཤིང་སྟེང་དུ་ཁོད་སྙོམས་པོ་བྱུགས་རྗེས། པར་མགོས་དྲས་ཤོག་བཀོད་ནས་པར་སྒྲིལ་གྱིས་ཡར་སྒྲིལ་མར་སྒྲིལ་ལན་གསུམ་ཙམ་བྱས་མཐར་བཏབ་ཟིན་པའི་དཔེ་ཤོག་དཔེ་གདན་རུ་ཆེན་རུ་ཆུང་གང་དགོས་སྟེང་དུ་བཞག་པ་དང་ཆབ་གཅིག་ཤོག་བུ་བརྗེས་ནས་གོང་ལྟར་རིམ་བཞིན་ཚར་ལྔ་རེ་མུ་མཐུད་འདེབས་སྲོལ་ཡོད། དེ་ནས་པར་ཤིང་གི་ངོས་བརྗེས་ཏེ་གོང་དང་འདྲ་བ་བྱས་མཐར་རྒྱབ་དང་ངོས་ཡོད་པའི་ཤོག་ལྷེབ་ལྔ་སྟེ་ཚར་ལྔ་འདེབས་ཐོན་བྱུང་སྟེ། དེ་ལྟར་པར་ཤར་རེ་རེ་བཞིན་དུ་འདེབས་ནས་པོད་གྲངས་ཡོད་ཚད་གདབ་ཚར་རྗེས་པར་གཡོག་གིས་དཔེ་ཆ་ཐག་ར་ཁང་དུ་སྐམ་པོ་བྱ་དགོས། སྐམ་ཐག་ཆོད་རྗེས་དཔེ་ཆ་སྣེ་རིང་ཐུང་ཚགས་སྒྲིག་དང་ཤོག་གྲངས་ཆད་ལྷག་ཡོད་མེད་ཞིབ་བཤེར་བྱས་མཐར། དཔེ་འཛེར་བས་དཔེ་ཆའི་མཐའ་སྣེ་རིང་ཐུང་ཆ་སྙོམས་བྱེད་ཆེད་དཔེ་མགོའི་ཐིག་ཁོངས་ཡར་ཟུར་ནས་ལྡེབ་གྲངས་གྱི་གོ་རིམ་ལྟར་རྩིད་སྐུད་ལ་བརྒྱུས་ཏེ་དཔེ་ཚགས་བསྒྲིགས་ནས། དྲས་ཁང་གི་ལས་གྲྭས་འཕར་སྟུང་བྱེད་ཆོག་པའི་ཤིང་སྒོ་རུ་བཞིའི་དྲས་ཁོངས་ཀྱི་ནང་དུ་འཇོག་ཅིང་དཔེ་སྤུ་དྲས་གཅོད་བྱས་ནས་ཤོག་སྣེ་ཐམས་ཅད་གཅིག་ལྟར་འཇམ་ངེར་བྱུང་རྗེས་གདོང་སྐག་བྱུགས་ནས་སྐམ་གསེང་ཚུད་རྗེས། པོད་རེ་རེ་བཞིན་གདོང་འཛར་སྦྱར་ནས་པོད་རྟགས་ཀ་མད་དམ་གཟུངས་སྔགས་སོགས་གང་རུང་འབྲི་བ་སྟེ། དཔེར་ན། སྡེ་དགེའི་པར་མ་བཀའ་བསྟན་འགྱུར་གྱི་གདོང་འཛར་ཐོག་མདོ་སྡེའི་སྡེ་ཚན་ལ་
    ༼༽ ༼༽དང་རྒྱུད་སྡེའི་སྐོར་ལ༼༽ ༼༽ ལྟ་བུ་དང་པོད་གྲངས་གཉིས་གསུམ་ཙམ་ཅན་ལ་༼ཨེ༽༼ཝཾ༽ ༼ཨྃ༽ ༼ཨཱཿ༽ ༼ཧཱྃ༽ལྟ་བུ་འབྲི་སྲོལ་ཡོད། དེའང་གང་མོས་བྲིས་པ་མ་ཡིན་ལ་གཞུང་པོད་གང་གི་དཔེ་མགོའི་ཁོངས་ཐིག་མཚམས་སུ་བརྐོས་ཡོད་པའི་གདོང་རྟགས་ཀ་མད་དང་མཐུན་དགོས། སྡེ་ཚན་གཅིག་པའི་པོད་གྲངས་སུམ་ཅུ་ལས་བརྒལ་ན་ཀ་མད་ཐོག་དབྱངས་ཡིག་བཞི་རིམ་བཞིན་སྦྱར་ནས་འབྲི་སྲོལ་ཡོད། དེ་ལྟར་སོ་སོའི་ལས་བགོས་ལྟར་ལས་རིམ་ཐམས་ཅད་ཚར་རྗེས་དཔེ་མཛོད་ཁང་དུ་དཔེ་ཆ་རྩིས་སྤྲོད་ལེན་བྱ་དགོས། ལས་བགོས་ཚན་ཁག་སོ་སོའི་བར་ལ་བརྒྱུད་མཐུད་དམ་པོའི་ལས་སྒྲིག་ཡོད་ལ་སོ་སོའི་ལས་བགོས་ཀྱང་དུས་ཐོག་ཏུ་རང་མགོ་རང་ཐོན་བྱ་དགོས།
    པར་འདེབས་ཚོ་རེས་ཉིན་རེ་ཤོག་ངོས་ཉིས་སྟོང་ཡས་མས་ཏེ་པར་ཤར་ཆིག་སྟོང་ཙམ་པར་འདེབས་ཐུབ། གདབ་པའི་དཔེ་ཆའི་སྤུས་ཀ་བཟང་ངན་པར་འདེབས་ལས་རིམ་ལྟར་ཞིབ་ཚགས་བྱས་ཡོད་མེད་དང་། པར་ཤོག །པར་སྣག་བཟང་ངན་ལའང་རག་ལས། དེའང་ལོ་རེའི་བོད་ཟླ་གསུམ་པའི་ཚེས་བཅོ་ལྔ་ལ་པར་འདེབས་འགོ་བརྩམས་ནས་ཟླ་བ་དགུ་པའི་ཚེས་ཉི་ཤུའི་བར་ཁྱོན་ལོ་ཕྱེད་རེའི་མཐར་ཟབ་རྒྱས་ངང་ལོ་གཅིག་གི་པར་འདེབས་མཇུག་སྒྲིལ་བའི་མཛད་སྒོ་གཟབ་རྒྱས་སྤེལ།
    པར་གདབ་ཚད་མང་བའི་པར་ཤིང་ཆུར་བཀྲུས་ནས་སྣག་དྲེག་དག་པར་བྱེད་པ་དང་སྣུམ་སྲེག་བགྱི་སྲོལ་ཡོད། པར་ཤར་ཁྲི་ཐོག་ནས་ཡར་མར་ལེན་སྐབས་དང་། པར་འདེབས་སྐབས་ལས་རིམ་ལ་ཤིན་ཏུ་གོམས་འདྲིས་ཡོད་ལ་བསམ་བཟང་དད་མོས་ཅན་ཡང་ཡིན་དགོས། དེང་པར་སྣག་ཙམ་མ་གཏོགས་པར་འདེབས་ཀྱི་རྒྱུ་ཆས་ཕལ་ཆེར་ལས་སྣོན་བཟོ་རྩལ་པར་ཁང་རང་ལ་ཡོད་ཅིང་གང་འཚམས་ཞིག་ལག་ལེན་བྱེད་བཞིན་ཡོད། པར་འདེབས་ལག་རྩལ་ནི་རྒྱལ་རབས་རིམ་བྱུང་ནས་ད་བར་སྲོལ་རྒྱུན་གྱི་ལག་ཤེས་ལྟར་ལས། བཅོས་བསྒྱུར་དང་གསར་སྐྲུན་གང་ཡང་བྱས་མེད་པས་ཐུན་མིན་གྱི་ཁྱད་ཆོས་རང་བཞིན་ལྡན་པའོ། །
    དེ་ལྟར་གང་བཀོད་པར་འདེབས་ལག་ཤེས་ནི་ཐུན་མིན་གྱི་ཆེད་ལས་ཤེས་བྱ་ཡིན་ལ། དེང་གི་པར་འདེབས་ལས་རིགས་ཀྱི་ལག་རྩལ་དང་བསྡུར་ན་རྗེས་ལུས་ཀྱི་རྣམ་པ་ཡོད་ཀྱང་། སྲོལ་རྒྱུན་ལག་རྩལ་གྱིས་བཏབ་པའི་ཐོན་རྫས་ལ་ཡུན་རིང་ཉར་ཚགས་བྱས་ན་སྤུས་ཀ་ཇེ་བཟང་དུ་འགྲོ་ལ་རིན་གོང་འཕར་བའི་རིག་དངོས་ཤུལ་བཞག་གི་ནོམ་པ་ཡོད་པ་དང་། དུས་ཡུན་རིང་པོ་ངལ་རྩོལ་ནང་གསོག་འཇོག་བྱས་པའི་མ་ཚང་བ་མེད་པའི་སྲོལ་རྒྱུན་ལག་རྩལ་ལས་བྱུང་བའི་སྒྱུ་རྩལ་གྱི་སྙིང་བཅུད་ཕྱི་རབས་ལ་བཤམ་སྟོན་གྱི་དགོས་མཁོ་ཡོད་པ། དེང་རབས་སྤྱི་ཚོགས་ཀྱི་འཚོ་བའི་ཡོ་བྱད་འཕྲུལ་ཆས་ཅན་དང་ཟུང་དུ་འབྲེལ་ནས། ཉིན་རེའི་འཚོ་བའི་ནང་གི་རྒྱུན་སྤྱོད་དངོས་རྫས་གསར་རྙིང་གོ་བསྡུར་གྱི་མཁོ་དགོས་བཅས་ཡོད་པའོ། །