ཧོར་བྲག་མགོའི་གླིང་སྒྲུང་དང་འབྲེལ་བ་ཡོད་པའི་གཏམ།

རྩོམ་པ་པོ།   ར་ཧོར་བ་དགེ་འདུན་དར་རྒྱས།   ཡིག་བསྒྱུར།       དུས་ཚོད།   2019-10-12   རྩོམ་ཁུངས།    ཁམས་པའི་དྲ་བ།

    འདིར་བྲག་མགོའི་ས་ཆར་གླིང་སྒྲུང་གི་ལོ་རྒྱུས་སྐོར་ཡིག་ཐོག་དང་ངག་རྒྱུན་ནས་བཤད་པ་མང་པོ་འདུག གཡུལ་འཁྲུག་གི་རྗེས་ཤུལ་དང་གླིང་སྒྲུང་དང་འབྲེལ་བའི་གནས་རི་འགའ་རེ་ཡང་འདུག སྒྲུང་པ་ནི་སྔར་མང་ཡང་ད་སྐབས་མི་འགའ་རེ་ལས་མི་བཞུགས། སྒྲུང་འཆམ་མཁན་ཡང་དགོན་པ་གསུམ་ལྷག་འདུག གཞན་ས་མིང། སྡེ་མིང་། ལྷ་ཁང་དང་གླིང་གི་དཔའ་ཐུལ་རྣམས་ཀྱི་ཡང་སྲིད་སོགས་མང་པོ་འདུག་པས་གཤམ་དུ་མདོར་བསྡུས་ཙམ་བཀོད་ཡོད་ལགས།

     གཅིག ཡིག་ཐོག་གི་སྒྲུང་།

      ༡ གཡུ་རོང་བསེ་རྫོང་གི་བརྗོད་བྱ་གཙོ་བོ་ནི་གླིང་དང་བསེར་ཉི་འབུམ་གྱི་དམག་གིས་ད་ལྟའི་བྲག་མགོ་རྫོང་རྩང་སྟོད་ཀྱི་ས་ཆར་དམག་སྒར་བཏབ་ནས་སྨད་གཡུ་རོང་རྒྱལ་ཁབ་ཆམ་ལ་ཕབས། སྒག་ཙི་ལུ་རྒྱལ་པོ་བཏུལ་ཞིང་གོ་མཚོན་བསེ་རྫོང་ཁྲ་མོ་ནང་ལ་བླངས། གཡུ་རོང་གི་བོན་ཆོས་བསྣུབ་ནས་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུ་མཛད་པའི་སྐོར་རེད། སྒྲུང་ཡིག་འདིའི་ཁྱད་ཆོས་གཙོ་བོ་ནི་བསེར་ཐ། བྲག་མགོ རྟའུ་སོགས་ཆེད་བརྗོད་མཛད་པའི་གླིང་སྒྲུང་གཏེར་མ་ཞིག་ཡིན། གཏེར་བཞེས་མཁན་གྱི་མཚན་དང་དུས་ཚོད་མི་གསལ། འདི་ངས་སྔར་བླ་མ་བྱང་ཆུབ་ལ་གཡར་ནས་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་གེ་སར་གཞུང་ལས་ཁང་གིས་པར་སྐྲུན་བཟོ་པ་ཞིག་ཡིན་ལགས། འདིའི་ནང་དུ་རྫོགས་ཆེན་ཀློང་སྡེའི་སྲོལ་འབྱེད་པ་པོ་སྤང་རྒན་མི་ཕམ་མགོན་པོ་འཇའ་ལུས་སུ་གཤེགས་པའི་གནས་མཆོག་ཁམས་ཀྱི་ཝ་སེང་བྲག་ཏུ་ལྷ་རྩེ་བདུད་ལྷ་དཔའ་བོས་ལུས་མ་སྤང་པར་མཁའ་སྤྱོད་དུ་གཤེགས་པའི་སྐོར་བཤད་ཡོད་པས་འདི་གཞན་གྱི་སྒྲུང་ནང་དུ་མཐོང་རྒྱུ་མེད་པ་ཞིག་ཡིན་པ་རེད།

      ༢ གྲུ་གླིང་གཡུལ་འགྱེད་རྒྱས་པར་བཀོད་པ་ངོ་མཚར་ཡིད་ཀྱི་དགའ་སྟོན་ཞེས་བྱ་བ་ནི་ཧོར་བྲག་མགོ་དང་དཀར་མཛེས་ཡུལ་གྱི་གྲུ་གུ་གོ་རྫོང་མང་པོ་ཞིག་ཚུར་བསྡུས་ནས་དེའི་ནང་གི་ལེགས་པའི་ཆ་ཐམས་ཅད་བསལ་ནས་མི་ཕམ་རིན་པོ་ཆེ་དང་འགྲོ་འདུལ་དཔའ་བོ་རྡོ་རྗེ་རྣམ་གཉིས་ཀྱི་ཐུགས་བཞེད་ལྟར་བྲིས་པ་ཞིག་ཡིན་འདུག འདི་ལ་འབྲོག་སྐད་དང་བྲག་མགོའི་སྐད། དཀར་མཛེས་ཀྱི་སྐད། སྡེ་དགེའི་སྐད་བཅས་ཀྱི་ཁྱད་ཆོས་ཡོད། བརྗོད་བྱ་གཙོ་བོ་ནི་གྲུ་གུས་བོད་ལ་ཇོ་བོ་བརྩད་པས་གླིང་དམག་བོད་ཀྱི་རྒྱབ་དཔུང་དུ་ཆས་པས་འཁྲུགས་མཐར་གོ་རྫོང་ཕབས། ཐོག་རྒོད་བཏུལ་བའི་གཡུལ་འཁྲུག་གི་སྐོར་ཡིན། འདི་དཔེ་སྐྲུན་བྱས་ཟིན།

      གཉིས། ངག་ཐོག་གི་བཤད་རྒྱུན།

       རྩང་སྟོད་དང་རྩང་སྨད། ལི་སྟོད་དང་ལི་སྨད་བཅས་ཀྱི་འབྲོག་སྡེ་དང་གཞུ་རེ་ལུང་པ་སོགས་སུ་གེ་སར་གྱིས་ཀླུ་བདུད་བཏུལ་བ་དང་མཚེར་མའི་ཤུལ། རྟ་བརྒྱུགས་ཤུལ། གཡུལ་འཐབ་ཤུལ། འགོང་སྲི་མནན་པ་བརྒྱབ་པའི་ཤུལ། བསེར་བློན་པདྨ་བསྟན་འཛིན་གྱི་རལ་གྲི་གཡུག་ཤུལ། བསེར་ཉི་འབུམ་གྱི་དམག་སྒར་གྱི་ཤུལ། སྒག་ཙི་ལི་རྒྱལ་པོའི་མཁར་ཤུལ། གེ་སར་གྱི་ལྷ་རྟ་རྐྱང་ལུའི་རྗེས། ཁྱི་དུང་ལུའི་རྗེས། འུར་རྡོའི་རྡོ། ལྕག་ཚན་བསམ་པའི་དོན་འགྲུབ་ཀྱི་རྗེས། འབྲུག་མོའི་རྣ་ཆ། མེ་ལུང་། ལག་གདུབ་ཀྱི་རྗེས། རྟ་སྒག། རྐྱལ་བ་རང་བྱུང་། ཨ་མྱེ་ཁྲ་རྒན་གྱི་སྒྲུབ་ཕུག། གླིང་འབུམ་དུམ་པ་བཅུ་གཉིས་རང་བྱུང་སོགས་མཇལ་རྒྱུ་ཡོད།

      གསུམ། གནས་རི་དང་ལྷ་ཁང་། ས་མིང་། སྡེ་མིང་སོགས་ཀྱི་སྐོར།

      ༡ གླིང་སྒྲུང་དང་བཤད་རྒྱུན་ཡོད་པའི་གནས་རི་དང་ལྷ་ཁང་ནི་བཀའ་བརྒྱད་ཀྱི་གནས་བཀྲ་དབུས། ཁམས་ཀྱི་ཝ་སེང་བྲག་གི་གནས། རྩང་སྨད་ཐོ་མཚོ་དཀར་མོ། རྩང་གི་བདེ་ཆེན་ཐང་། ཨ་སུག་སྐུ་བླ་དུང་རྩེ་སོགས་དང་འབྲེལ་བའི་ངག་རྒྱུན་དང་རང་བྱུང་མང་པོ་མཇལ་རྒྱུ་ཡོད། གཞན་རྩང་ཐང་དེའུ་འབུར་དུ་དཔའ་ཐུལ་སུམ་ཅུ་རྡོ་ལ་བསྐོས་ཡོད་པའི་ལྷ་ཁང་ཞིག་ཀྱང་ཡོད།

      ༢ ས་མིང་དང་སྡེ་མིང་ནི་གླིང་ཐང་། གླིང་ཐང་གེ་སར་རྟ་ར། གླིང་པེ། སྡེ་བ་ལ་བསེར་སྐོར་མ་དང་མི་ཡི་རུས་བསེར་དང་ཧོར་ཡིན་པ་སོགས་འདུག

       བཞི། གླིང་གི་དཔའ་ཐུལ་རྣམས་ཀྱི་སྤྲུལ་པ་དང་ཡང་སྲིད་ཀྱི་སྐོར།

      སྐུ་ཕྱོགས་ཀེའུ་ཚང་གཡུ་ལྷའི་ཡང་སྲིད་། ར་ཧོར་སྐུ་ཆེན་འཇམ་དབྱངས་གྲུབ་པའི་དབང་པོ་རྒྱ་ཚའི་ཡང་སྲིད། རྩང་ཉིན་བླ་མ་ཁྲོ་ཐུང་གི་ཡང་སྲིད། མཆོག་སྤྲུལ་ཆོས་ཀྱི་ཉི་མ་འདན་མའི་ཡང་སྲིད། སྐུ་ཞབས་བྲག་དཀར་གེ་སར་གྱི་སྤྲུལ་ཡིན་པ་རྣམ་ཐར་ལ་གསལ་བ་སོགས་སོ།།

       ལྔ། སྒྲུང་བཤད་མཁན།

       སྔར་ལི་ཁོག་སྡེ་བའི་ཡིད་ལྷུང་འབྲུག་དགས་འབབ་སྒྲུང་བཤད། ད་ལྟ་མཆོག་སྤྲུལ་ཆོས་ཀྱི་ཉི་མ་དང་ར་ཡབ་ཡོ་ཁོ་སོགས་ཀྱིས་ཡིག་ཐོག་ནས་བཤད་པ་སོགས་མང་།

       དྲུག གླིང་སྒྲུང་འཆམ་མཁན་གྱི་དགོན་པ།

       གནས་ནང་དགོན་པ། ར་ཧོར་དགོན་པ། སེངྒེ་དགོན་པ་སོགས་ཀྱིས་རྟ་རྒྱུགས་དང་འདན་སྲས། གླིང་གི་དཔལ་ཐུལ་བསང་མཆོད་སོགས་འཆམ་སྲོལ་ཡོད་དོ།།