བོད་ཀྱི་ལྷ་འབྲི་བ་འཕྲིན་འཛིན་རབ་བརྟན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-10-14   རྩོམ་ཁུངས།    མི་དམངས་དྲ་བ།

འདི་ནི་འཕྲིན་འཛིན་རབ་བརྟན་གྱིས་ཐང་ག་བཞེངས་བཞིན་པ།

        གནམ་གཤིས་ལྷག་པར་གྲང་ཞིང་ས་གཞིའི་ཁྱོན་ཡོངས་བ་མོས་བཀླུབས་པའི་ཉིན་ཞིག གསར་འགོད་པ་རླངས་འཁོར་བསྡད་དེ་སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཟུང་ཆུ་རྫོང་སྤྱང་གཙང་ཤང་རྨ་ཡུལ་གྲོང་ཚོར་བསྐྱོད་པ་ཡིན། དེ་གར་ལྷ་འབྲི་བ་ཞིག་གིས་ལོ་6རིང་དཀའ་སྤྱད་འབད་འཐབ་བྱས་ཏེ་བཙུགས་པའི་ཞང་བོད་སྒྱུ་རྩལ་སློབ་གྲྭ་འདི་ལོའི་ཟླ་7པར་འགོ་ཚུགས་ཞིང་། བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན་སོགས་ནས་ཡོང་བའི་སློབ་མ་30ལྷག་ཙམ་གྱིས་དེ་གར་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་བྱེད་བཞིན་མཆིས།

        ཁོང་གི་མིང་ལ་འཕྲིན་འཛིན་རབ་བརྟན་ཟེར་ཞིང་། གཟུཌ་པོ་རིང་ལ་ཤ་རིད་པ་དང་དུས་དང་རྣམ་པ་ཀུན་དུ་ངོ་གདོང་ལས་འཛུམ་མདངས་འཕྱུར་ཞིང་། རང་ཉིད་ཀྱིས་བཙུགས་པའི་སློབ་གྲྭར་ལྟ་བཞིན་སྐབས་རེར་བདེ་སྐྱིད་ཀྱི་དགོད་སྒྲ་ཡང་ཤོར་བ་རེད། འོན་ཀྱང་ཐང་ག་བཞེངས་སྐབས་ཁོང་ནི་བསྒམ་ནན་ཆེ་ཞིང་བློ་རྩེ་གཅིག་ཏུ་བསྒྲིམས་པ་དང་། ཉེ་འགྲམ་གྱི་སློབ་མ་དང་གྲོང་མི་འགའ་རེ་ཐང་ག་བཞེངས་སར་ལྟ་བར་ཡོང་སྐབས་ཁོང་གིས་ཚང་མར་ངང་རྒྱུད་རིང་པོའི་སྒོ་ནས་ཐང་ག་བཞེངས་སྟངས་གསལ་འགྲེལ་རྒྱག་གི་ཡོད།

        2018ལོའི་ཟླ་8པར་སློབ་ཁྲིད་ཐོག་ཁང་དང་། ཉལ་ཁང་། དཔེ་མཛོད་ཁང་། བྱེད་ནུས་མང་བའི་སློབ་ཁང་སོགས་སྒྲིག་བཀོད་ཚང་བའི་སྒྱུ་རྩལ་སློབ་གྲྭ་འདི་ཉིད་བཙུགས་པ་དང་། སློབ་བསྡུའི་སློབ་མ་ནི་ལོ་དགུའི་ལམ་ལུགས་ཀྱི་འོས་འགན་སློབ་གསོའི་རྗེས་ཀྱི་གཞོན་ནུ་ལོ་ཆུང་དང་ཐང་གའི་སྒྱུ་རྩལ་ལ་དགའ་ཞེན་ཡོད་མཁན་རྣམས་བསྡུ་ཡི་ཡོད་ལ། ད་དུང་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་ཡང་མང་པོ་བསྡུ་ཡི་ཡོད། སློབ་གྲྭས་ཐང་ག་བཞེངས་སྟངས་སློབ་ཁྲིད་བྱ་རྒྱུ་གཙོར་བྱས་པའི་ཁར། བོད་ཡིག་ཡིག་གཟུགས་དང་། བོད་བཟོའི་བརྐོས་དཀྲོལ། སྲོལ་རྒྱུན་གྱི་སྤོས་བཟོ་སྟངས་སོགས་ཀྱང་སློབ་ཀྱི་ཡོད།

        བོད་རིགས་ཀྱི་ཐང་གའི་སྒྱུ་རྩལ་པ་མི་རབས་མང་པོས་སྔར་ནས་ད་བར་དུ“ཕ་ཤུལ་བུ་ལ་སྤྲོད་པ་ལས་བུ་མོར་མི་སྤྲོད་པ་དང་། ནང་མིར་སློབ་པ་ལས་མི་གཞན་ལ་མི་སློབ་པའི”སྲོལ་རྒྱུན་ལ་སྲུང་བརྩི་ཞུ་བཞིན་ཡོད། ལོ་18ལ་སླེབས་པའི་གནམ་མཚོ་ནི་མིག་སྔར་འཛིན་གྲྭའི་ནང་གི་སློབ་མ་བུ་མོ་གཅིག་པུ་དེ་ཡིན་ཞིང་། ཁོ་མོའི་ཕུགས་འདུན་ནི་བུད་མེད་ལྷ་འབྲི་བ་ཞིག་ཏུ་ཆགས་རྒྱུ་དེ་རེད། གསར་འགོད་པས་གནམ་མཚོ་མཐོང་སྐབས་ཁོ་མོས་ནན་ཏན་ངང་ཐང་གའི་ཐིག་ལེན་བཞིན་ཡོད་པས་གཞོགས་སུ་སླེབས་པའི་གསར་འགོད་པར་སྣང་བ་ཅི་ཡང་བྱུང་མེད།

        གནམ་མཚོས“ང་རང་གི་ཐང་གའི་རང་སྦྱོང་ལེགས་གྲུབ་ཟིན་རྒྱུར་ད་དུང་ཡང་ཟླ་བ་དྲུག་བདུན་ཙམ་ཡོད། དེ་རྗེས་དགེ་རྒན་གྱི་མཛུབ་ཁྲིད་འོག་གསར་རྩོམ་བྱེད་རིང་ལག་རྩལ་དེ་བས་ལེགས་སུ་གཏོང་དགོས། སློབ་གྲྭ་ཚང་མ་གུང་གསེང་ཡིན་པའི་གཟའ་ཉི་མ་འཆར་རིམ་བཞིན་ངས་རི་མོ་འབྲི་སར་ཉིན་གང་རང་སྦྱོང་བྱེད་ཀྱི་ཡོད། རི་མོ་འབྲི་རྒྱུ་ནི་ངའི་མི་ཚེའི་ནང་དགའ་ཤོས་ཀྱི་བྱ་བ་དེ་ཡིན་པས་ངལ་གསོ་དགོས་མི་འདུག”ཅེས་བརྗོད་བྱུང་།

འདི་ནི་ཞང་བོད་སྒྱུ་རྩལ་སློབ་གྲྭའི་སློབ་མས་ཐང་ག་བཞེངས་བཞིན་པ།

འདི་ནི་ཞང་བོད་སྒྱུ་རྩལ་སློབ་གྲྭའི་སློབ་མ་གནམ་མཚོས་ཐང་ག་བཞེངས་བཞིན་པ།