རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-10-25   རྩོམ་ཁུངས།    དུས་ཐོག་ཆར་བའི་འཕྲིན་སྟེགས།
རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་འདིར། བོད་ཀྱི་གསོ་རིག་ལོ་རྒྱུས་ཐོག་གསུབ་ཏུ་མེད་པའི་མཛད་རྗེས་མང་ཡང་འབྲིར་མི་ལང་ལ། བོད་སྨན་མཁས་པ་མི་དགུར་གྲགས་པ་ནི། སྟོད་ན་གཡུ་ཐོག་ཡོན་ཏན་མགོན་པོ། བི་བྱི་ལེགས་མགོན། འུག་པ་ཆོས་བཟང་གསུམ། བར་ན་ཆེར་རྗེ་ཞིག་པོ། མི་ཉག་རོང་རྗེ། བྲང་ཏི་རྒྱལ་བཟང་གསུམ། སྨད་ན་གཉའ་བ་ཆོས་བཟང་། སྟོང་སྨན་གྲགས་རྒྱལ། མཐའ་བཞི་དར་པོ་བཅས་སོ། །
དེ་རྣམས་ལས་ཀྱས་ཁྱད་དུ་འཕགས་པ་སྨན་པའི་རྒྱལ་པོར་གྲགས་པ་གཡུ་ཐོག་ཡོན་ཏན་མགོན་པོ་ནི་རྒྱལ་པོ་དང་དགུང་མཉམ་ཡིན་ཏེ་སྒོ་བཞི་རེ་ཐང་དུ་སྐུ་འཁྲུངས། བོད་ཀྱི་གསོ་རིག་གི་གཞུང་དང་ལག་ལེན་ཐམས་ཅད་ཐུགས་སུ་ཆུད་པ་མཛད། རྒྱལ་ཁམས་དུ་མ་བསྐོར་ནས་བོད་ཀྱི་གསོ་རིག་ཆ་ཚང་བར་མཛད་པ་སོགས་ཁོང་གི་རྣམ་ཐར་ལས་ཤེས་པར་གྱིས་ཤིག་གུ།
གཞི་རྩའི་གནས་ཚུལ།
གཡུ་ཐོག་ཡོན་ཏན་མགོན་པོ། 宇妥·宁玛云丹贡布
འཁྲུངས་ཡུལ།སྟོད་ལུང་སྐྱིད་སྣ།
འཁྲུངས་འདས་ལོ་ཚིགས། སྤྱི་ལོ708ལོ-སྤྱི་ལོ833ལོ།
མཛད་པ། དཔལ་ལྡན་རྒྱུད་བཞི།
1.ངོ་སྤྲོད་མདོར་བསྡུས།
བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གསོ་རིག་གི་རིགས་པའི་གཞུང་ལུགས་ཐོག་མར་གསར་གཏོད་མཛད་པ་པོ་ཡིན།སྤྱི་ལོའི་དུས་རབས་བརྒྱད་པ(708)ས་སྤྲེལ་གྱི་ལོར་སྟོད་ལུང་སྐྱིད་སྣ་རུ་ཡབ་གཡུ་ཐོག་ཁྱད་པོ་རྡོ་རྗེ་དང་ཡུམ་རྒྱ་པ་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།དགུང་ལོ་བརྒྱ་དང་ཉི་ཤུ་རྩ་ལྔ་བཞུགས(བོད་ཀྱི་ལོ་རྒྱུས་འགའ་ཞིག་ཏུ་ཁྲི་སྲོང་ལྡེ་བཙན་དང་དགུང་མཉམ་ཡིན་ཞེས་གསལ)།དགུང་ལོ་གསུམ་ཐོག་རང་གི་ཡབ་ལས་ཡི་གེ་འབྲི་ཀློག་དང་གསོ་དཔྱད་ཀྱི་གཞུང་ལུགས་གསན་པ་ཚེགས་མེད་མཁྱེན་ཏེ་ནད་པ་བསྐྱངས།བོད་ཀྱི་སྨན་པ་མཁས་པ་ཀུན་གྱི་གཙོ་བོ་དང་སློབ་དཔོན་དུ་གྱུར།
རྒྱ་གར་གྱི་སྨན་པ་ཤྟིན་གརྷ་དང་རྒྱ་ནག་སྨན་པ་སྟོང་གསུམ་གང་བ་སོགས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་གདན་དྲངས་པའི་ཕྱོགས་ཀྱི་བླ་སྨན་མཁས་པ་དགུས་དྲི་བ་མི་འདྲ་བ་བཏོན་པར་ལུང་རིགས་གཉིས་ཀྱི་སྒོ་ནས་དེ་དང་མཐུན་པའི་ལན་བཏབ་སྟེ་ཐམས་ཅད་ཡིད་ཆེས་པའི་གནས་ལ་བཀོད་པས་མི་ཡུལ་དུ་བྱོན་པའི་སངས་རྒྱས་སྨན་བླ་ཞེས་གྲགས་ཤིང༌། ཁྲི་སྲོང་ལྡེ་བཙན་གྱི་བླ་སྨན་དུ་བཀུར།རྒྱ་གར་དུ་སྔ་ཕྱི་ལན་གསུམ་ཕེབས་ཏེ་པཎ་ཆེན་ཙནྡྲ་དེ་ཝ་སོགས་སློབ་དཔོན་དུ་མ་བསྟེན་ནས་གདམས་ངག་མང་པོ་གསན། རྒྱ་ནག་གི་རི་བོ་རྩེ་ལྔར་ཕེབས་ནས་སྨན་པ་མཁས་པ་ཞིག་གི་ཞབས་ལ་གཏུགས་ནས་གདམས་ངག་དུ་མ་ཞུས་ཏེ་བོད་ཡུལ་གྱི་སྔར་ཡོད་གསོ་རིག་གི་རྨང་གཞིའི་ཐོག་རྒྱ་དཀར་ནག་གི་སློབ་དཔོན་རྣམས་ཀྱི་གདམས་ངག་དང་བེ་རོ་ཙ་ནས་བསྒྱུར་བའི་ཕྱོགས་གཞན་གྱི་གསོ་བ་རིག་པའི་གཞུང་མི་འདྲ་བ་རྣམས་ཀྱི་དགོངས་བཅུད་རྣམས་བླངས་ནས་ཁ་སྣོན་མཛད་དེ་དཔལ་ལྡན《རྒྱུད་བཞི》དང་འབྲེལ་ཡོད་ཀྱི་སྨན་གཞུང་གསར་རྩོམ་གནང་བ་མང་པོ་ཡོད་པ་བཅས་བརྒྱུད་འཛིན་གྱི་སློབ་མ་ཡང་ཆིག་སྟོང་སུམ་བརྒྱ་ལྷག་ཙམ་བྱུང་ཞིང༌། སྐུ་ཚེ་གང་པོར་གསོ་རིག་བསྟན་དོན་ཁོ་ན་མཛད། གདུང་བརྒྱུད་འཛིན་པའི་སྲས་གསུམ་འཁྲུངས། མཐར་དགུང་ལོ་བརྒྱ་དང་ཉེར་ལྔའི་ཐོག་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ།།
སྨན་པའི་རྒྱུ་དྲུག བློ་གྲོས་ཆེ་བ་བློ་བརྟན་པོ་བློ་གཟེག་པ་སྟེ་བློ་དང་ལྡན་པ། བྱམས་དང་སྙིང་རྗེ་ལྡན་པ་བསམ་པ་དཀར་བ། བློ་གཞག་དྲུག་བཟུང་བྱ་གཉིས་ཤེས་པ་གསུམ་སྟེ་དམ་ཚིག་དང་ལྡན་པ།ལག་པ་བཟོ་ངག་ཚིག་སྙན་རིག་པ་བཀྲ་བ་སྟེ་རྣམ་པ་བཟོ་བ། བདག་དོན་བསླབ་སྦྱོང་དང་གཞན་དོན་གསོ་དཔྱད་ལ་ལེ་ལོ་མེད་པས་བྱ་བ་ལ་བརྩོན་པ།དམ་པའི་མཚན་ཉིད་ལྡན་ཞིང་ཐུན་མོང་གི་ཀུན་སྤྱོད་ལེགས་པའོ། །