གངས་ལྗོངས་མཁའ་ལམ་ལ་ཕྱིར་ལྟ་བྱེད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-01   རྩོམ་ཁུངས།    ཤིན་ཧྭ་དྲ་བ།

        ཟླ་10ཚེས་29ཉིན་གྱི་ས་རུབ་ཁར། སླར་ཡང་ཁྲོན་བོད་ལམ་ཐིག་ལ་སྐྱོད་པའི་གསར་འགོད་པའི་ཚོགས་ཆུང་ཁངས་ཀྱིས་གཡོགས་པའི་ཁྲོན་བོད་གཞུང་ལམ་སྟེ་རྒྱལ་ལམ་317བརྒྱུད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5000ཡོད་པའི་གངས་ལ་རི་བོ་བརྒལ་མ་ཐག་ཏུ། ས་སྲོས་ཀྱི་ཉི་འོད་འོག་ལ་བོད་རིགས་མང་ཚོགས་དང་ཡུལ་སྐོར་བ་ཚོས་མཉམ་དུ་དགའ་བའི་སྐོར་བྲོ་འཁྲབ་བཞིན་འདུག 

        མཐོ་སྒང་གི་སྤང་ཐང་དུ་ཉེ་བར་བཅར་དུས། ཕྲེང་བསྟར་བའི་གུར་དཀར་པོ་དང་རླངས་འཁོར་ཆེན་མོ་3ལས་གྲུབ་པའི་སྐོར་སྐྱོད་བོད་སྡེ་ཞིག་མཐོང་ཞིང་། ཁོང་ཚོས། སྐོར་བྲོ་འཁྲབ་ནས་གླུ་དབྱངས་བླངས་ན། ཉིན་གཅིག་རིང་སྤྱི་ལེ་ཉི་ཤུ་སུམ་ཅུར་རྐང་ཐང་བགྲོད་པའི་སྤྱི་ཕན་ལས་ཀའི་ངལ་བ་སེལ་ཐུབ་ཟེར།  

        དབུ་སྐྲ་དཀར་བའི་ཨ་ཇོ་སྐལ་བཟང་ལགས་ཀྱིས་སྐོར་བྲོ་འཁྲབ་མཚམས་བཞག་ནས་གསར་འགོད་པ་དང་ཁ་བརྡ་བྱས་ཤིང་། གདོང་ལ་བོད་མིའི་དཔའ་ཉམས་ཀྱིས་ཁེངས་འདུག འདི་ནི་བོད་མི་ཁོར་ཡུག་སྲུང་སྐྱོབ་དང་བླངས་པའི་རུ་ཁག་ཅིག་རེད། ཁོང་ཚོ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནས་རྐང་ཐང་དུ་ལྷ་སར་འགྲོ་བ་སྟེ། གངས་ལྗོངས་མཁའ་ལམ་རྒྱུད་ཀྱི་གད་སྙིགས་འཐུས་ནས། ཉེ་འགྲམ་གྱི་སྲིད་གཞུང་ལ་གཙང་བཤེར་དབོར་འདྲེན་དུ་སྤྲད་དེ། མཁའ་ལམ་གཙང་སྦྲ་བྱས་ནས་གངས་ལྗོངས་སྲུང་སྐྱོང་ལ་རང་གི་ནུས་ཤུགས་འདོན་བཞིན་འདུག 

     “རུ་ཁག་འདི་ལ་མི་166ཡོད་ཅིང་། གུང་ཁྲན་ཏང་ཡོན་དང་། ཞིང་འབྲོག་མང་ཚོགས། ལས་བྱེད་པ། སློབ་ཆེན་སློབ་མ་སོགས་འདུས་ཏེ། རྒས་ཤོས་ནི་དགུང་ལོ་73ཟིན་ཞིང་། ཆུང་ཤོས་ནི་ལོ་23རེད། ཟླ་10ཚེས་10ཉིན་ཡུལ་ཤུལ་ནས་ལམ་ལ་ཆས་ཏེ། རྐང་ཐང་དུ་ཉིན་20ཙམ་སོང་རྗེས་གནས་འདིར་སླེབས་པ་ཡིན”རུ་ཁག་འགོ་ཁྲིད་པ་བོད་ཀྱི་ཕོ་གསར་ཚེ་དམར་གྱིས་འདི་ལྟར་མཚམས་སྦྱོར་བྱས། ཁོང་ནི་ལེ་ཧྲན་གྱི་མཐོ་རིམ་སློབ་གྲྭ་ཞིག་ལས་སློབ་མཐར་ཕྱིན་ནས་ལོ་ངོ་གཉིས་ཟིན་ཅིང་། ད་ལྟར་ཡུལ་ཤུལ་གྱི་ཡུལ་སྐོར་ལས་ཁུངས་ཤིག་ཏུ་ལས་ཀ་བྱེད་བཞིན་ཡོད།  

        ཚེ་དམར་གྱིས་གསར་འགོད་པ་ལ། མཁའ་ལམ་གྱི་ཁོར་ཡུག་སྲུང་སྐྱོང་གི་བྱེད་སྒོ་འདི་ནི་ཐེངས་གསུམ་པ་ཡིན་ཞིང་། བྱེད་སྒོ་ལ་ཞུགས་མཁན་ཡང་ཐེངས་རེར་བཞིན་ཇེ་མང་དུ་གྱུར། ན་ནིང་གད་སྙིགས་ཏུན་བཅུ་ལྷག་འཐུས་པ་ཡིན། ད་ལོར་ལམ་ཕྱེད་བསྐྱོད་ཟིན་ཅིང་གད་སྙིགས་ཏུན་བརྒྱད་ལྷག་འཐུས་ཟིན། ད་ལྟ་ལྗང་མདོག་དྲིན་གཟོ་བའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དེ་ཀུན་གྱི་སེམས་གཏིང་ལ་ཟུག་ཡོད་ཟེར། 

        ལོ་45ཡིན་པའི་འབྲོག་པ་བཀྲ་ཤིས་ནི་ཡུལ་ཤུལ་ཁྲི་འདུ་རྫོང་ནས་ཡིན་ཞིང་། ཁྱིམ་དུ་ནོར་གནག་200ལྷག་ཡོད་འདུག ཁོང་གིས་ནོར་གནག་དག་ཕུ་བོར་བཅོལ་ནས། རང་ཉིད་རུ་ཁག་འདི་དང་མཉམ་དུ་རྐང་ཐང་ལ་གད་སྙིགས་འཐུ་བར་ཡོང་ཡོད། བཀྲ་ཤིས་ཀྱིས། “མཐོ་སྒང་གི་སྐྱེ་ཁམས་བཟང་ན། ནོར་གནག་ལ་ཕན་པ་དང་། ང་ཚོའི་འཚོ་བའང་སྔར་བས་ཇེ་བཟང་དུ་འགྱུར་ངེས་ཡིན”ཞེས་བཤད། 

        “དེ་རེད། སྤྱི་ཕན་ཁོར་ཡུག་སྲུང་སྐྱོང་གིས་མི་ཚང་མ་ལ་ཕན་ཞིང་། མཁའ་དབུགས་བཟང་ན་ང་ཚོ་ཚེ་རིང་པོ་ཡོང་རྒྱུ་རེད”ཅེས་སྟོད་གོས་སྨུག་པོ་གྱོན་པའི་ཨ་མ་ལྷ་གཡང་གིས་གླུ་ལེན་ཞོར་སྐོར་བྲོ་འཁྲབ་ཞོར་ལ་ང་ཚོར་འདི་ལྟར་བཤད། མོ་རང་ནི་ལོ་དྲུག་ཅུ་ལ་སླེབས་མོད། ཡིན་ནའང་། ཐེངས་འདིའི་མཁའ་ལམ་དུ་རྐང་ཐང་བསྐྱོད་པ་ལས། སེམས་ལ་དགའ་སྣང་གིས་ཁེངས་འདུག 

        ལོ་38ཡིན་པའི་མེ་ཏོག་གཡང་སྒྲོན་ནི་སྐྱེ་གཟུགས་ཕྲ་བའི་དགེ་རྒན་ཞིག་རེད། མོ་རང་གིས་གུང་སེང་གི་དུས་ཚོད་བེད་སྤྱད་ནས་སྤྱི་ཕན་བྱེད་སྒོ་འདི་ལ་ཞུགས་འདུག མོ་རང་གིས་གསར་འགོད་པ་ལ། ལམ་བར་དུ་ཉིན་རེ་བཞིན་གད་སྙིགས་བླུགས་སྣོད་རས་ཁུག་ནང་དུ་ལམ་འགྲམ་གྱི་ཞི་ཐབས་མེད་པའི་གད་སྙིགས་འཐུས་ནས། དོར་པོ་བརྒྱབ་སྟེ་གཞུང་ལམ་གྱི་དམིགས་འཛུགས་ས་གནས་སུ་བཞག་རྗེས། ལམ་རྒྱུད་ཀྱི་སྲིད་གཞུང་ལ་དབོར་འདྲེན་བྱེད་པར་འབྲེལ་གཏུག་བྱེད་དགོས། “ཁྱིམ་ནས་ཡོང་དུས་ཁ་ངོ་དཀར་པོ་ཡིན་ལ། ད་ནི་ནག་པོར་ཆགས་སོང་། ཡིན་ནའང་། མཐོ་སྒང་གི་གཞུང་ལམ་གཙང་མར་གྱུར་བ་མཐོང་དུས། སེམས་པ་སྐྱིད་པོ་ཞིག་འདུག”ཅེས་བཤད། 

        ཚེ་དམར་གྱིས། དགོང་མོའི་ཆུ་ཚོད་8པར་གློག་གཟིམ་ནས་ཚང་མ་ངལ་གསོ་བ་དང་། ཕྱིར་ཉིན་སྔ་དྲོའི་ཆུ་ཚོད་5པར་མལ་ལས་ལངས་ནས་བསྡུ་གསོག་བྱས་ཏེ། ཅ་ལག་ཚང་མ་རླངས་འཁོར་གྱི་ཐོག་བཞག་ནས་ཁྱེར་རྒྱུ་རེད། རྒྱབ་ཕྱོགས་ཚོགས་པས་མདུན་དུ་སྤྱི་ལེ་30ཡི་མཚམས་སུ་སྒར་རྒྱག་ས་འཚོལ་རྒྱུ་རེད། འབུད་ཤིང་སོལ་རླངས་ཡིན་ཞིང་། ཐབ་ཚང་གི་གད་སྙིགས་ཀྱང་གཙང་སེལ་བྱས་ནས་ཁྱེར་དགོས་པ་རེད་ཅེས་བཤད། 

        རྒྱལ་ལམ་317ནི་ཀྲུང་གོ་གསར་པས་གསར་སྐྲུན་བྱས་པའི་བོད་བསྐྱོད་གཞུང་ལམ་ཆེས་སྔ་བ་དེ་རེད་ལ། དེ་ནི་གངས་ལྗོངས་ཀྱི་མཁའ་ལམ་ཞེས་སུ་གྲགས། བོད་དུ་བསྐྱོད་པའི་ཡུལ་སྐོར་བ་ཇེ་མང་དུ་གྱུར་བར་བསྟུན། ལམ་འགྲམ་གྱི་ཁོར་ཡུག་སྲུང་སྐྱོང་གི་གནོན་ཤུགས་ཀྱང་ཇེ་ཆེར་གྱུར། ཉེ་བའི་ལོ་འགའི་རིང་། ཁོར་ཡུག་སྲུང་སྐྱོང་ཚོགས་པས་རང་འགུལ་གྱིས་བོད་དུ་བསྐྱོད་པའི་གཞུང་ལམ་ཐོག་ནས་གད་སྙིགས་འཐུས་ནས། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཁྱབ་བསྒྲགས་བྱས་པ་དང་། གངས་ལྗོངས་ཀྱི་དྭངས་གཙང་ཁོར་ཡུག་སྲུང་སྐྱོང་བྱེད་བཞིན་འདུག 

        གྲང་ངར་ཆེ་ཞིང་ལྷིང་འཇགས་ཀྱི་མཚན་མོར། ལམ་འགྲམ་དུ་སྐབས་རེར་རི་བོང་དང་ཝ་མོ་མཐོང་རྒྱུ་ཡོད་ཅིང་། ནོར་གནག་རེ་ཡང་དལ་མོ་འགྲོ་བཞིན་འདུག སྐར་འོད་འོག ཁ་བའི་སྟེང་ལ་ཁོར་ཡུག་སྲུང་སྐྱོང་དང་བླངས་པས་རྐང་རྗེས་དཔར་ཞིང་། ཁ་བའི་རྗེས་སུ་ཕྱིར་བལྟས་ཚེ་རྐང་རྗེས་དེ་དག་མིག་ལམ་དུ་མཐོང་མེད་དུ་གྱུར།