རྒྱལ་ཐང་ཡུལ་ནས་ཐོན་པའི་བོད་ཀྱི་ཀ་མ་ལ་ས་གདན།

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2019-11-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


   

   ཕྱོགས་བཞིར་གངས་དང་ནགས་རིས་ཡོངས་སུ་བརྒྱན་པ་དང་།   ཡངས་པའི་སྤང་ཐང་ན་རྟ་ནོར་ལུག་གསུམ་སྐར་ཚོགས་ས་ལ་འཕོས་འདྲ།   དུས་བཞིའི་ཁྱད་ཆོས་མངོན་པར་གསལ་ཞིང་ལོ་ལེགས་གཡུར་དུ་ཟ་བའི་གནས།   ཡུལ་གྱི་བཀོད་པ་ཚར་དུ་དངར་བའི་ཁམས་རྒྱལ་ཐང་འཛིན་མའི་སྟོད་ཕྱོགས་ཀྱི་ཕང་བ་ན་ཡང་ཐང་ཞེས་བྱ་བ་འབྱོག་ཕྱུག་ལྡ་པའི་སྟོང་སྡེ་ཆེན་པོ་ཞིག་ཆགས་ཡོད་ཅིང་།   དེའི་ནང་དུ་རང་གི་རིག་གནས་ལ་སྔར་ནས་ཤ་ཞེན་དང་བརྩིས་འདང་ཆེ་ཞིང་།    དེང་གི་ཚོང་ལས་རིག་པ་ལ་ཅི་ནུས་ཀྱིས་འབད་འབུངས་བྱེད་པ།   གནའ་བོའི་བཟོ་རྩལ་གྱི་རང་མདངས་རྩ་ནས་མ་ཡལ་བའི་བོད་ལུགས་ས་གདན་གཉེར་མཁན་གྱི་ཕོ་གསར་ཨ་མཆོག་ཚེ་རིང་དང་བཀྲ་ཤིས་ཚེ་བརྟན་གཉིས་ཡོད་པ་ལ།    ཁོང་རྣམ་པ་གཉིས་གཅིག་ན་སྔོན་ཆད་སློབ་གྲྭ་གཅིག་ནས་སློབ་སྦྱོང་བྱས་མྱོང་བའི་སློབ་གྲོགས་བར་གྱི་མཛའ་བརྩེ་ཟབ་མོའི་རྨང་གཞི་བརྟན་པ་དང་།  གཉིས་ནས་ཁམས་རྒྱལ་ཐང་ནས་ལས་ཀྱི་ལྷན་འཛོམས་བྱུང་བའི་རྟེན་འབྲེལ་སོགས་ལ་དམིགས་ནས་མ་གྲོས་རང་མཐུན་གྱིས་ས་གནས་འདི་ག་ནས་བོད་ལུགས་ས་གདན་ཐོན་སྐྱེད་བྱེད་པའི་བཟོ་གྲྭ་ཞིག་འཛུགས་རྒྱུའི་འདུན་པ་བྱུང་བར་བརྟེན།  2017ལོའི་ཟླ3པར་ཡུན་ནན་བོད་ཁུལ་གྱི་ཆེས་ཐོག་མའི་བོད་ལུགས་ལག་བཟོའི་ས་གདན་བཟོ་གྲྭ་སྟེ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཀ་མ་ལ་ལག་བཟོའི་ས་གདན་འཕེལ་རྒྱས་ལྟེ་གནས་དེ་ཡང་ཐང་གྲོང་རྡལ་ཞི་བདེ་གྲོང་ཚོ་ནས་དངོས་སུ་བཙུགས་པ་རེད།   

       ལོ་གསུམ་རིང་གི་ཐོན་སྐྱེད་བྱས་པ་བརྒྱུད་ནས།   ད་ལྟའི་ཆར་བཟོ་གྲྭ་འདི་ལ་ཐོན་སྐྱེད་བྱེད་ས་དང་།   མཛོད་ཁང་།  འཚེམ་བཟོ་ཁང་།  འགྲེམས་སྟོན་ཁང་།  གཞུང་ལས་ཁང་།  བྱེད་སྒོ་སྤེལ་ས།  མེ་ཏོག་ལྡུམ་ར་བྱེད་ནུས་ཆ་ཚང་བཙུགས་ཡོད་ཅིང་།  གྲོང་ཚོའི་ནང་གི་ཞིང་པ་མི40ལྷག་བོད་ལུགས་ས་གདན་བཟོ་བའི་ལས་ཀའི་ནང་ཞུགས་ཡོད།   བོད་ལུགས་ས་གདན་བཟོ་བ་ལ།  ཐག་འཐག་པ་དང་།  འཚེམ་བྱེད་པ།  སྤུས་ལེགས་པའི་བལ་འདེམས་པ།  ཚོས་བྱུག་པ་སོགས་གོ་རིམ་ཧྲིལ་བོར་དུས་ཚོད་ངེས་ཅན་ཞིག་མཁོ་ན་ཡང་ཡོངས་སུ་སྲོལ་རྒྱུན་གྱི་ལག་བཟོའི་བྱེད་ཐབས་སྤྱད་ཡོད་པས།   ཀ་མ་ལ་ས་གདན་ཟེར་ན་རྒྱལ་ཐང་མ་ཟད་ཀྱི་ཉེ་འཁོར་ས་གནས་དང་ཐ་ན་ཡུལ་གྲུ་གཞན་དུ་སྙན་གྲགས་ཆེ་ཆེར་རྒྱས་ནས་བཀྲག་མདངས་ལྡན་ཞིང་སྤུས་ལེགས་པའི་ས་གདན་རིགས་སྣ་ཚོགས་ལ་འཛད་སྤྱོད་པ་མང་པོས་དགའ་བསུ་ཐོབ་དང་ཐོབ་མུས་སུ་མཆིས།  ཐོན་སྐྱེད་བྱེད་པའི་གོ་རིམ་ཁྲོད་བཟོ་གྲྭ་འདིས་ས་གནས་རང་གི་ན་གཞོན་མང་པོ་ཞིག་ལ་ལས་གཉེར་དང་སློབ་སྦྱོང་གི་གོ་སྐབས་བཟང་བོ་ཞིག་བསྐྲུན་པ་དང་།  སྦྱིན་བདག་ཨ་མཆོག་ཚེ་རིང་ལགས་ཀྱིས་ང་ཚོས་ལག་བཟོས་ས་གདན་བཟོ་རྒྱུ་ནི་ཁེ་ཕན་རེག་རྒྱུ་ཁོ་ནར་དམིགས་པ་མིན་པར་དེ་ལས་ཀྱང་གལ་ཆེ་བ་ནི་བོད་རང་གི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན་ཞེས་ལྷག་བསམ་ཀྱི་སྐད་ཆ་བརྡོལ་བྱུང་། སྤྱིར་ན་བོད་ལུགས་ས་གདན་བཟོ་བའི་ཐོན་སྐྱེད་ཀྱི་འགྲོ་གྲོན་ཆེ་བ་དང་དཀའ་ངལ་མི་ཉུང་བ་ཞིག་ལ་འཕྲད་ན་ཡང་།  སྦྱིན་བདག་བཀྲ་ཤིས་ཚེ་བརྟན་གྱིས་རྗེས་མར་དཀའ་ངལ་གང་ལ་འཕྲད་ཀྱང་རང་གི་བྱ་གཞག་འདི་མི་འདོར་བར་བློ་སྤོབས་ཆེན་པོ་ཡོད་པ་དང་།མ་འོངས་པའི་དུས་ལ་ཁྲོམ་རའི་གནས་ཚུལ་དང་འཛད་སྤྱོད་པའི་དགོས་མཁོ་གཞིར་བཟུང་ནས་བོད་ལུགས་ས་གདན་གྱི་རྒྱུ་སྤུས་ཇེ་བཟང་དང་བཟོ་རྩལ་གྱི་ཆུ་ཚད་སྔར་ལས་ཇེ་ལེགས་སུ་གཏོང་རྒྱུ་ཡིན་ཟེར།   

       བོད་ལུགས་ས་གདན་ཀྱིས་སྔར་ནས་བརྒྱུད་པའི་མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ནུས་པ་ཐོན་པ་ལས་གཞན་ད་དུང་བཟོ་གྲྭ་འདིར་ལས་གཉེར་བྱེད་བཞིན་པའི་ཚེ་རིང་ལྷ་མོ་ལྟ་བུ་མི་སྣ་གང་མང་ཞིག་ལ་ཕན་ཐོགས་བཞིན་པ་ཡང་དངོས་གནས་ཡིན་ལ།   ཁོ་མོས་ཞོར་ནས་རང་གི་ཁྱིམ་ལས་ལས་ཆོག་ཅིང་།  ཡང་ཞོར་ནས་བོད་ལུགས་ས་གདན་འཐག་སྟེ་ཟླ་རེར་སྒོར་སུམ་སྟོང་ལྷག་གི་ཡོང་སྒོ་འཚོལ་ཐུབ་ཀྱི་ཡོད། 

        ལས་གནས་གང་ཞིག་ལ་འཇུག་པ་ཡིན་རུང་།   ལྷག་བསམ་བཟང་བོས་དོན་དུ་གཉེར་བ་ཡིན་ན་ནམ་ཞིག་གི་ཚེ་མཇུག་འབྲས་ཡིད་ཚིམ་པ་ཞིག་ཐོབ་ངེས་ལ།  ལྷག་པར་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་ནུས་ཤུགས་གང་ཡོད་འདོན་བཞིན་པའི་མི་བུ་ཁོང་རྣམ་པ་གཉིས་ནི་མང་པོས་སློབ་སྦྱོང་དང་དཔེ་སྟོན་བྱ་འོས་པ་ཤ་སྟག་ཏུ་སྣང་ལ།   ངས་ཀྱང་འདི་ནས་ཁོང་རྣམ་པ་གཉིས་ཀྱི་མཛད་འཕྲིན་ཡར་ངོའི་ཟླ་ལྟར་འཕེལ་བ་དང་ཅི་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ།      

      བོད་ལུགས་ས་གདན་གྱི་རྒྱུ་ཆ་གཙོ་བོ་ནི་བལ་རིགས་ཡིན་ལ། བལ་སྐུད་ཚོས་སྒྱུར་བྱས་ཏེ་དཀར་སེར་དམར་སྔོ་སོགས་ཁ་དོག་སྣ་ཚོགས་སུ་ཕབ་རྗེས་གཞི་ནས་འཐག་ལས་བྱེད་ཅིང༌། སྟེང་དུ་སྐལ་བཟང་དང་གངས་ལྷ། པདྨ་སོགས་མེ་ཏོག་གམ་ཤིང་ལོའི་རིགས་མང་པོ་དང༌། ནོར་བུ་ཆ་བདུན་དང་བཀྲ་ཤིས་རྟགས་བརྒྱད། མཐུན་པ་སྤུན་བཞི། ཚེ་རིང་རྣམ་དྲུག་སོགས་བཀྲ་ཤིས་པའི་རི་མོ་སྣ་མང༌། སྟག་སེང་ཁྱུང་འབྲུག་དང་ཤྭ་དང་ཡུ་མོ་སོགས་སྲོག་ཆགས་ཀྱི་རི་མོ་དུ་མ། གཡུང་དྲུང་དང་དཔལ་བེའུ་སོགས་མཐའ་ཁྱུད་དང་པ་ཊ་སྣ་ཚོགས་ཀྱིས་ཅི་དགར་བརྒྱན་པས། བལྟས་ན་ཚོན་ཁ་གསལ་ཞིང་བཀྲག་མདངས་ལྡན་པ། མཐུག་ལ་དྲོ་བ།  འཇམ་ལ་མཉེན་པ། འབྱུང་གཞི་ལ་འཕྲོད་པ་སོགས་ཁྱད་ཆོས་དུ་མ་ངང་གིས་འཛོམས་ཤིང༌། ཆེ་ཆུང་གི་ཆ་ནས་ཀྱང་ཚོམས་ཁང་ལ་ཚོམས་གདན་ཆེན་མོ་ཡུག་གཅིག་གིས་ཧྲིལ་བོར་ཁེབས་པ། འདུ་ཁང་ལ་དགེ་འདུན་བཞུགས་པའི་འབོལ་གདན། དེ་མིན་ཁྲི་ལ་ཁྲིའི་རྒྱབ་ཡོལ་དང་ཀ་རིང་ལ་ཀ་ཐུམ། ཐ་ན་རྟ་འབོག་དང་སྒ་སྟན་ཡན་ཆད་ཀྱི་ཐགས་དངོས་གྲངས་ཀྱིས་མི་ཟིན་པའི་རིགས་ཐོན་སྐྱེད་བྱས་དང་བྱེད་བཞིན་ཡོད་པས། བོད་ཀྱི་ས་གདན་ལག་རྩལ་ནི་གཞན་ལ་ངོ་གནོང་མི་དགོས་པའི་ཚད་ན་ཡོད་དོ།།