རྩོམ་པ་པོ།   ཁམས་འཚོ་སྐྱིད།  ཡིག་བསྒྱུར།       དུས་ཚོད།   2019-11-08   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།
[ནང་དོན་གནད་བསྡུས།]དཔྱད་རྩོམ་འདིའི་ནང་ཧྥ་རན་སིར་ཉར་བའི་ཏུན་ཧོང་བོད་ཀྱི་ཡིག་རྙིང་ལས་བྱུང་བའི་རེབ་ཀོང་ཞེས་པའི་ས་མིང་དང་སྦྲགས་འབྲེལ་ཡོད་རེབ་ཀོང་བའི་ལོ་རྒྱུས་ལ་དབྱེ་ཞིབ་ཀྱིས་ས་མིང་དེ་ནི་བོད་བཙན་པོའི་དུས་ནས་བྱུང་ཚུལ། དེང་སྐབས་སྤྱོད་འབྲི་བྱེད་བཞིན་པའི་རེབ་གོང་ལས་གོང་ནི་སྔར་གྱི་རེབ་ཀོང་གི་ཀོང་དང་སྡེ་པ་མཐུན་པའམ་མཚུངས་པའི་ཆ་ནས་བྱུང་བ་ཡིན་ཚུལ་གླེང་བརྗོད་བྱས་ཡོད་པ་མ་ཟད། བོད་བཙན་པོའི་སྐབས་ནས་བཟུང་ཡུལ་དེ་ལས་སྒྱུ་རྩལ་མཁས་པ་རིམ་པར་ཐོན་པ་དང་། ཏུན་ཧོང་རིག་གནས་ཀྱི་ཤུགས་རྐྱེན་འོག་ད་གཟོད་རེབ་ཀོང་རིག་གནས་ཀྱི་མཚན་སྙན་གྲུབ་ཚུལ་སྐོར་གླེང་བརྗོད་ཅུང་ཟད་བྱས་ཡོད།
[བརྡ་ཆད་གཙོ་བོ།] ཏུན་ཧོང་ཡིག་རྙིང་། རེབ་ཀོང་། ས་མིང།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K928[ཡིག་ཚང་མཚོན་བྱང་།] A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2014)03 -094-08
སྤྱི་ལོ་2008ལོའི་ཟླ་8པར་ཀན་སུའུ་ཞིང་ཆེན་ཏུན་ཧོང་གྲོང་ཁྱེར་དུ་“ཏུན་ཧོང་བོད་བཙན་པོའི་དུས་ཀྱི་རིག་གནས་དཔྱད་གླེང་ཚོགས་འདུ་”ཚོགས་སྐབས། ཚོགས་ཐོག་ཏུ་ཀུན་དགའ་དབང་ཕྱུག་དང་ཁོ་མོ་གཉིས་ཀྱིས་“ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་རེབ་ཀོང་དང་དེ་འབྲེལ་ས་མིང་འགའ་ལ་གསར་དུ་དཔྱད་པ་”ཞེས་པའི་དཔྱད་རྩོམ་ཞིག་ཕུལ་ནས་ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་རེབ་ཀོང་ཞེས་པའི་ས་མིང་དང་དེ་འབྲེལ་གནད་དོན་ལ་ཅུང་ཟད་དཔྱད་ཁུལ་བྱས་ཡོད། དཔྱད་རྩོམ་དེར་བཀོད་པའི་རེབ་ཀོང་ཞེས་པའི་ཐ་སྙད་དེ་ཡང་ཏུན་ཧོང་དངོས་མང་བཤམས་སྟོན་ཁང་དུ་ཉར་བའི་ཤོག་དྲིལ་ཨང་རྟགས་Db. t.0328ལས་བྱུང་བ་ཞིག་ཡིན། ད་ལན་ཁོ་མོས་ཧྥ་རན་སིར་ཉར་བའི་ཏུན་ཧོང་བོད་ཀྱི་ཡིག་རྙིང་(སྤྱིན་ཤོག་)ལ་དག་སྒྲིག་བྱེད་སྐབས་ཧྥ་རན་སིར་ཉར་བའི་ཤོག་དྲིལ་འགའ་ལས་ཀྱང་རེབ་ཀོང་ཞེས་པའི་ཐ་སྙད་འདི་ཡོད་ཚུལ་ཤེས་རྟོགས་བྱུང་བས། འདིར་རྒྱུ་ཆ་ཁ་གསབ་ཀྱི་ཚུལ་དུ་ཡང་བསྐྱར་དེའི་སྐོར་ལ་ཅུང་ཟད་བརྗོད་པར་འདོད།
གཅིག
དེ་ཡང་མདོ་ཁམས་སྨད་ཀྱི་ས་ཆ་འདི་ནི་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་དུས་སུ་ཤར་ཕྱོགས་ཁུལ་དང་དམག་འཁྲུག་འཐབ་མོ་བཀྱེ་བའི་གཡུལ་ས་གཙོ་བོ་ཡིན་སྐོར་ལ་《དེབ་ཐེར་དཀར་པོ》ལས། “རྒྱ་དང་དམག་འཐབ་པའི་གཡུལ་གྱི་ཞིང་ཕལ་མོ་ཆེ་ནི་ཨ་མདོའི་ཡུལ་ཆ་འདི་དག་ཡིན་ལ། རྨ་ཀླུང་བྱང་རྒྱུད་ཀྱི་ཕྱོགས་རྣམས་ན་རྒྱ་ཁྲག་ཐང་དང་རྒྱ་དུར་ཐང་ལ་སོགས་པའི་མིང་ཆགས་པའི་ས་མིང་མང་པོ་ཡོད་ཅིང་། དེ་དག་ཏུ་རྒྱ་དང་འཐབ་མོ་བཀྱེ་བའི་གཏམ་རྒྱུད་ཀྱང་གནས་སོ་”①ཞེས་བྱུང་བ་དང་། ས་འདིའི་མི་ཕལ་ཆེར་ཡང་གནའ་བོའི་བོད་ཀྱི་སོ་སྡེ་ཁག་ལས་མཆེད་ཚུལ་《མདོ་སྨད་ཆོས་འབྱུང་》ལས། “མདོ་སྨད་ལྷོ་བྱང་གི་མི་རྒྱུད་ཕལ་ཆེར་བོད་ཆོས་རྒྱལ་གྱིས་རྒྱ་བོད་སོ་མཚམས་སུ་བཞག་པ་ལས་མཆེད་པ་ཤ་སྟག་ཡིན་པས་སྐད་རིགས་ལའང་བརྡ་རྙིང་མ་འགྱུར་བ་མང་”②ཞེས་དང་། ཡང་《དེབ་ཐེར་དཀར་པོ་》ལས། “ཨ་མདོའི་རིགས་དེ་ཕལ་ཆེར་ནི་སྔོན་གྱི་དམག་མི་ཕྱོགས་དེར་སླེབས་པ་དག་ལས་མཆེད་པར་མངོན་ཅིང་། གནའ་དུས་ཀྱི་དབུས་གཙང་གི་རུས་རྙིང་སྐྱི་དང་ཉང་དང་ཁྱུང་པོ་ལ་སོགས་པའི་མིང་ཅན་གྱི་མི་སྡེ་ཡང་མང་། ཅོ་ནེ་པ་རྣམས་སྲོང་བཙན་གྱི་དམག་ཡིན་པ་སོགས་ངག་སྒྲོས་ཀྱང་སྣང་”③ཞེས་གསུངས། དེས་ན་ཨ་མདོའི་ཡུལ་གྱི་ཆ་ལས་རེབ་གོང་གི་མཆེད་ཁུངས་སྐོར་ལ་《རེབ་གོང་རུས་མཛོད་ལྟ་བ་མཁའ་ཁྱབ་ཕྱོགས་བྲལ་》ལས། “བོད་ཀྱི་རྒྱལ་རབས་ཞེ་གཅིག་པ་མངའ་བདག་ཁྲི་རལ་བ་ཅན་གྱི་དམག་དཔོན་ཆེན་པོ་རྣམས་ཀྱི་ནང་གི་དམག་དཔོན་ཆེན་པོ་བསྟན་པ་ཕྱག་རྡོར་དང་གཅོད་དགའ་དར་རྒྱལ་ཟེར་བའི་ཕ་བུ་གྲགས་ཆེན་དེ་གཉིས་ཀྱི་འཁྲུངས་ཡུལ་ནི་གཙང་ཉི་མ་ལ་སྟོད་ཡིན་པ་དང་། རུས་ནི་བོད་དབུས་གཙང་རུ་བཞིའི་ནང་ཚན་ལྡོང་གི་རུས་ཆེན་དུ་གཏོགས་པར་མཆིས་སོ་”④ཞེས་དམག་དཔོན་ཆེན་པོ་བསྟན་པ་ཕྱག་རྡོར་དང་ཁོང་ལ་སྲས་བཅུ་ཡོད་པའི་ཐ་ཆུང་སྟེ། དམག་དཔོན་ཆེན་པོ་གཅོད་དགའ་དར་རྒྱལ་གཉིས་ཀྱིས་གཙོ་བྱས་པའི་ཕ་བུ་དེ་རྣམས་ཀྱིས་བོད་རྒྱལ་བཙན་པོ་མངའ་བདག་ཁྲི་རལ་པ་ཅན་གྱི་བཀའ་ལྟར་བོད་རྒྱའི་ས་མཚམས་སྲུང་བར་ཕེབས་པ་ལས་བྱུང་བར་འདོད། དེ་དུས་མངགས་པའི་དམག་དཔུང་ནི་བོད་ཀྱི་རུས་ཆེན་སྒ་ལྡོང་འབྲི་གསུམ་གྱི་ནང་ནས་ལྡོང་ཚ་ཆེན་བཅོ་བརྒྱད་ལས་གཡི་ཚ་དང་། ཁྲོ་ཚ ། སྐོང་ཚ། གཅན་ཚ། རེབ་ཚ། སྡུས་ཚ། སྐྱིད་ཚ་སོགས་ལས་གྲུབ་པ་མ་ཟད། “བོད་རྒྱ་སོ་མཚམས་སྲུང་བར་དམག་ལ་བྱོན་པའི་ནང་གི་སྐྱིད་ཚའི་དམག་དཔོན་བསྟན་པ་ཕྱག་རྡོར་དེའི་ཐོབ་མིང་ལ་དར་སྟོང་རྒྱལ་མཚན་དང་། ཁྲོ་ཚའི་དམག་དཔོན་ཆེན་པོ་གཅོད་དགའ་དར་རྒྱལ་ཟེར་བ་དཔའ་བློ་གཉིས་ལྡན་ཡིན་པ་དང་། དམག་ཁྲིམས་ཆ་ཚང་དང་དགྲ་བོ་གཡུལ་ལས་རྣམ་པར་རྒྱལ་ཐུབ་པའི་གངས་ཀྱི་སེང་གེ་ལྟ་བུའི་དམག་དཔོན་ཆེན་པོ་བླ་ན་མ་མཆིས་པའི་སྐྱེས་བུ་དམ་པ་འདི་རྣམས་ཀྱིས་ཚ་ཆེན་བཅོ་བརྒྱད་དམག་དཔུང་ཁག་ནས་ཚ་ཆེན་དམག་དཔུང་འགའ་རྒྱ་ཡུལ་དུ་དམག་ལ་བྱོན་ཏེ། རྒྱ་དམག་ནག་རིའི་སྒང་བར་མཐའ་སྤྲོད་དུ་བཏང་། དེ་ནས་ཕྱིར་མཁའ་བ་ཀླད་བྱང་མའི་རྫ་རི་ནས་དམག་སྒར་བརྒྱབ་སྟེ་ས་དེ་ནས་རྡོ་གོར་མོའི་རྡོ་མཁར་གྱི་དབྱིབས་དང་འདྲ་བ་......ཞིག་ལས་བ་ལ། ས་དེའི་མིང་འགྱུར་ནས་དར་རྒྱལ་ཀླད་དང་དར་རྒྱལ་རྡོ་མཁར་ཞེས་་་་་་་དམག་རུ་རྣམས་རྫ་རི་དེ་ཡི་སྟེང་དུ་གནས། ས་དེ་ལ་དར་རྒྱལ་ཟེར་དོན་ནི་དམག་དཔོན་ཆེན་པོ་དར་སྟོང་རྒྱལ་མཚན་དང་གཅོད་དགའ་དར་རྒྱལ་རྣམ་གཉིས་ཀྱིས་......ས་དེ་ནས་དམག་སྒར་བརྒྱབ་པའི་རྐྱེན་གྱིས་ས་མིང་དེ་ལྟར་ཐོགས་སོ་”⑤ཞེས་གསུངས་ཡོད།
དེ་ཡང་དམག་དཔོན་ཆེན་པོ་བསྟན་པ་ཕྱག་རྡོར་གྱི་གོ་གནས་ཀྱི་མིང་ལ་དར་སྟོང་རྒྱལ་མཚན་ཞེས་གསོལ་བ་ལ་བརྟགས་ན། ཁོང་ནི་དམག་དཔུང་སྟོང་ངམ་ཁྲི་གང་རུང་ཞིག་གི་དམག་དཔོན་ཡིན་པ་འདྲ་སྟེ། གནའ་དུས་དམག་མི་རེའི་ལག་ན་དར་རེ་ཐོགས་པ་དང་། ཁྱིམ་ཚང་རེའི་མི་རེ་དམག་ལ་ཕྱིན་ཚེ་ཁྱིམ་གྱི་སྒོ་སྟེང་དུ་དར་མདུང་རེ་སློང་བའི་སྲོལ་ཡོད་པ་ཡང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། “ཁྱིམ་རེ་རེ་བཞིན་གྱི་སྒོ་སྟེང་དུ་དར་མདུང་རེ་སློང་བ་འདི་ཡང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་ལྟ་བུ་ཡིན་ཏེ། དེ་ཡང་ཐོག་མར་དམག་གི་རྟགས་སུ་མངོན་ལ། རྗེས་སོར་ཆོས་ཀྱི་ལས་སུ་སོང་བས། སྟོད་ན་རྒྱ་གར་དང་འདྲེས་པའི་བོད་རིགས་རྣམས་ནས། སྨད་ན་རྒྱ་ནག་གི་གྲོང་དཀྱིལ་དུ་ཡོད་པའི་བོད་ཀྱི་མི་ཁྱིམ་གཅིག་ཡིན་ཡང་རུང་། སྒོ་སྟེང་དུ་དར་ལྕོག་སློང་བའི་སྲོལ་དེ་ད་ལྟའི་བར་དུ་ཡོད་”⑥ཅེས་གསུངས་པ་ལས་རགས་ཙམ་རྟོགས་ཐུབ་པ་ཡིན། དེས་ན་རེབ་གོང་ཞེས་པའི་མིང་གི་ཐ་སྙད་གྲུབ་ཚུལ་དང་འབྲི་སྟངས་འགའ་རེ་བྱུང་བ་ལ། བླ་མ་རིག་འཛིན་པས་《རེབ་གོང་ལོ་རྒྱུས་ཕྲན་ཚེགས་》ཞེས་པར། “སྐྱེས་པའི་ཕ་ཡུལ་རེབ་ཀོང་ལུང་བ་སྟེ། ། སྔོན་དུས་རེབ་ཚས་བཟུང་དུས་རེབ་ལུང་ཟེར ། ། དེ་ནས་རྒྱ་ཡིས་བཟུང་དུས་རྒྱ་ཡུལ་ཟེར། ། བར་དུ་རེབ་ཚ་ཡུལ་ཕྱོགས་གཞན་དུ་འཁྱར། ། ས་ཆ་ལུང་བ་གཞན་དང་མ་འབྲེལ་བར། ། ཡུལ་ཕྱོགས་ཁོལ་བུར་བྱུང་བའི་ཀོང་བུ་སྟེ། ། ད་ལྟར་རེབ་ཀོང་ལུང་བ་ཞེས་སུ་གྲགས། །” ཞེས་རེབ་དང་ཀོང་ཞེས་པའི་ཐ་སྙད་ཇི་ལྟར་བྱུང་ཚུལ་གསལ་བར་གསུངས་པ་དང་། ཐམས་ཅད་མཁྱེན་པ་འཇིགས་མེད་པཎྜི་ཏའི་གསུང་ལས། “རེ་བའི་སྣོད་ལ་རྫོགས་ལྡན་གྱི། ། ཕུན་ཚོགས་བསྐྱིལ་བས་འདོད་པ་ཀུན། ། སྐོང་བའི་མིང་དོན་ལྡན་པའི་དཔལ། །”ཞེས་རེབ་སྐོང་ཞེས་པའི་མིང་ཡང་ཡོད་ཚུལ་དང་། ཡང་འགའ་ཞིག་གིས། རེབ་གོང་ཟེར་བ་ནི་རེབ་གོང་རོང་ཆེན་མདོ་སྡེ་འབུམ་གྱི་སྲིང་མོ་རེབ་རོང་བ་བསྟན་པ་རྒྱལ་མཚན་ལ་བྱིན་པའི་རྒྱུད་ལ་རེབ་རོང་བོ་དང་རེབ་ཁ་སོ་གཉིས་བྱུང་བའི་རེབ་ཁ་སོའམ་རེབ་སའི་མིང་དེ་ལས་རེབ་གོང་ཞེས་ཐོགས་པར་གྲགས་ལ། ཡང་རེབ་གོང་གི་མདོར་རེབ་ཚ་ཚོ་པ་བཞི་ཆགས་ཡོད་པའི་ཆ་ནས་རེབ་གོང་ཞེས་འབོད་སྲོལ་བྱུང་བར་འདོད། མདོར་ན། རེབ་གོང་དང་རེ་སྐོང་། རེབ་ཀོང་ཞེས་ཐ་སྙད་འབྲི་སྟངས་མི་འདྲ་བ་བྱུང་བ་དང་སོ་སོར་ཡང་ལུང་རིགས་ཀྱི་རྒྱུ་མཚན་ཡོད་ནའང། གནའ་བོའི་ས་མིང་དག་ལ་དཔྱོད་སྐབས་ངེས་པར་དུ་གནའ་རབས་ཀྱི་ཡིག་རྙིང་ལ་བརྟེན་རྒྱུ་ནི་ཐབས་ཀྱི་གཙོ་བོ་ཞིག་ཡིན་པར་སྙམ་སྟེ། འདིར་ཡང་ཏུན་ཧོང་ཡིག་རྙིང་དུ་གསལ་བའི་“རེབ་ཀོང་”ཞེས་པའི་ཐ་སྙད་དེ་རང་ཚད་དུ་བཟུང་ནས་བརྗོད་པར་བྱའོ།
བོད་རབ་བྱུང་གསུམ་པའི་ལྕགས་ཡོས་སྤྱི་ལོ་1171ལོར་ས་སྐྱ་གྲགས་པ་རྒྱལ་མཚན་གྱིས་གདན་འདྲེན་ལྟར་སེང་གེ་གཤོང་གི་ལྷ་བཟོ་བ་གྲགས་ཅན་འཇིགས་མེད་དང་རྡོ་རྗེ་ཚེ་རིང་གཉིས་ཀྱིས་གཙོས་མི་བཅུ་ཕྲག་འགའ་ཞིག་ས་སྐྱའི་དབུ་རྩེ་རྙིང་མའི་ལྷ་ཁང་གི་རྟེན་བཞེངས་པར་ཕེབས། ལོ་དེའི་ལོ་མཇུག་ཏུ་རྟེན་རྣམས་བདེ་ལེགས་ངང་ཡོངས་སུ་འགྲུབ་རྗེས་ས་སྐྱ་གྲགས་པ་རྒྱལ་མཚན་གྱིས་ཁྱེད་ཅག་གི་མེས་པོ་དམ་པ་རྣམས་མདོ་སྨད་དུ་ཕེབས་ནས་གཞི་བཟུང་བའི་ལོ་ནི་ནམ་ཡིན་གསུངས་པར། འཇིགས་མེད་ཀྱིས། ས་སྐྱ་རིན་པོ་ཆེ་ལགས། ང་ཆོའི་མེས་པོའི་བསྔོ་ཡིག་ནང་དུ། སེང་གེ་མིང་ཅན་རྣམ་པ་གསུམ་གྱིས་བོད་རབ་བྱུང་དང་པོའི་ས་འབྲུག་ལོར་རེབ་གོང་གསེར་མོ་ལྗོངས་སུ་གཞི་བཟུང་ཞེས་བྲིས་ཡོད་ཅེས་ཞུས་པས། ས་སྐྱ་གྲགས་པ་རྒྱལ་མཚན་གྱིས་། དེ་འདྲ་བསྔོ་ཡིག་གསལ་པོ་ཞིག་ཡོད་ན་བཟང་ངོ་། ད་ལོ་ནི་བོད་རབ་བྱུང་གསུམ་པའི་ལྕགས་ཡོས་ལོ་ཡིན་པས་ཁྱེད་ཚོས་ཀྱང་ལོ་གསལ་པོ་ཞིག་བྲིས་ན་བཟང་། ད་ལོ་ཡན་ཆད་ལ་ཁྱེད་ཆོའི་མེས་པོ་དམ་པ་རྣམས་མདོ་སྨད་དུ་གཞི་བཟུང་ནས་ལོ་བརྒྱ་དང་ཞེ་བཞི་འགོར་སོང་། རྗེས་སོར་མི་རྣམས་ལ་རང་ཉིད་ཀྱི་རུས་ནི་བོད་དབུས་གཙང་ནས་ཡིན་པ་ཤེས་སུ་འཇུག་དགོས་ཞེས་གསུངས་པ་དང་སྦྲགས་བོད་རྒྱལ་བཙན་པོའི་སོ་དམག་གི་གདུང་རྒྱུད་གཙང་ལ་སྟོད་པ་ཞེས་བྲིས་པའི་ཡིག་ཆ་གསལ་ཞིང་དག་པ་ཞིག་སེང་གེ་གཤོང་ལ་གནང་ངོ་། ཕྱིས་སེང་གེ་གཤོང་ཡ་མགོ་སྡེ་པའི་དཔལ་ལྡན་ཆོས་འབྱོར་ཟེར་བའི་མཁས་པ་ཞིག་གིས་དེའི་སྐོར་གྱི་ལོ་རྒྱུས་ཁ་སྐོང་ཞིག་འབྲི་འགོ་ཚུགས་ནའང་སྡེ་གཉིས་ནས་ཡིག་ཆ་བདག་གཉེར་གྱི་དོན་ལ་རྩོད་པ་བྱས་པར་བརྟེན་ལོ་རྒྱུས་ཁ་སྐོང་དེ་ལའང་བར་ཆད་ཅུང་ཟད་བྱུང་། དེ་ནས་སྡེ་གོང་འོག་གཉིས་ཀྱིས་ལོ་འགའི་རིང་ལ་ཡིག་ཆ་དེར་བདག་གཉེར་ལེགས་པོ་བྱས་པ་དང་དམ་ཕྲུག་གིས་མནན་ཏེ་བཞག ཡིག་ཆ་དེ་ཡ་མགོའི་དཔོན་ཚང་དུ་བཞག་ནའང་། རྗེས་སུ་དཔོན་ཚང་ལ་ཉམས་རྒུད་ཅུང་ཙམ་བྱུང་བའི་རྐྱེན་གྱིས་སྒར་གོང་མ་དཔལ་ལྡན་ཆོས་འབྱོར་གླིང་གི་བཅའ་ཡིག་དང་མཉམ་དུ་ཉར་ཚགས་ལེགས་པོ་མཛད་པ་མ་ཟད། སྨོན་ལམ་ཆེན་མོ་འཚོགས་སྐབས་སུ་སེང་གེ་གཤོང་གི་སྐྱ་སེར་ཕོ་མོ་ཆེ་ཆུང་རྣམས་ཀྱི་སྙན་ལམ་དུ་ཡིག་ཆ་དེ་ཐེངས་གཅིག་སྒྲོག་སྲོལ་ཡོད། རྗེས་སུ་དམག་གི་གནོད་པས་ཡིག་ཆ་དེ་གར་སོང་ཆ་མེད་དུ་གྱུར་སོང་བ་ནི་སེམས་སྐྱོ་བ་ཞིག་ཡིན་ཞེས་དགོན་གོང་མ་འདེབས་པ་པོ་རྗེ་རྭ་ངན་པ་བློ་བཟང་དར་རྒྱས་ཀྱིས་གསུངས། ཡིག་ཆ་དེའི་ནང་འཁོད་པའི་ལོ་རྒྱུས་ལྟར་ན། གོང་ཞུས་མི་སྣ་རྣམས་ནི་བོད་རྒྱལ་ཁྲི་རལ་པ་ཅན་གྱིས་རྒྱ་བོད་སོ་མཚམས་སྲུང་བར་མངགས་པའི་དབུས་གཙང་སོ་དམག་དག་གི་གདུང་རྒྱུད་ཡིན་པར་མངོན།
གཉིས།
རེབ་གོང་བའི་རྒྱུད་པ་དང་ས་མིང་འདིའི་ལོ་རྒྱུས་ནི་ཡར་བཙན་པོའི་དུས་ལ་འདེད་ཆོག་པ་ཡིན་ཅིང་། གྲོང་ཁྱེར་ཏུན་ཧོང་དངོས་མང་བཤམས་སྟོན་ཁང་དུ་ཉར་བའི་ཏུན་ཧོང་ཡིག་རྙིང་ཨང་རྟགས་db. t.0328ཤོག་དྲིལ་ལས། “རེབ་ཀོང་འདྲོན་་་་་་་”ཞེས་དང་། “......བན་དེ་ཆེན་པོ་དཔལ་གྱི་ཡོན་ཏན་གྀ་ཞ་སྔར། རེབ་ཀོང་མདོ་བརྩན་དང་གནང་བཙན་ལེགས་གྱྀ་མཆྀད་གསོལ་བའ། ཆེན་པོ་དགུང་དང་མཚུངས་པའྀ་ཞ་སྔ་ནས། ང་མོ་ཞྀག་དུ་ཡང་ཞལ་མ་མཐོང་ན་ཐུགས་བདེ་བར་སྨོན་ཏེ་མཆྀད་ཡྀ་གེ་གསོལ་ཞིང་མཆྀས་ན་འདྲུལ་བའྀ་འདབ་ལས་བཀའ་སྩལ་པར་ཇི་གནང་། དེ་ལྟར་གནང་གིས་་་་་་”⑦ཞེས་བྱུང་བས། དེ་ནི་ད་ཕན་ཁོ་མོས་མཇལ་བའི་རེབ་ཀོང་གི་མིང་ཡི་གེར་འཁོད་པ་ཆེས་སྔ་ཤོས་དེ་ཡིན། གལ་ཏེ་ལ་ལས་ཏུན་ཧོང་གཏེར་ཡིག་དེ་དག་ནི་དུས་རབས་བཅུ་གཅིག་པ་སྟེ སྤྱི་ལོ་1035ལོར་གཏེར་དུ་སྦས་པར་གྲགས་པ་ཡིན་པས་⑧བསྟན་པ་ཕྱི་དར་གྱི་དུས་ཤིག་ནས་རེབ་ཀོང་ཞེས་པའི་མིང་བྱུང་བ་ལས་དེའི་ཡར་སྔོན་དུ་བྱུང་བ་ཞིག་མིན་ཞེས་བརྗོད་ན། འདི་ལ་གོང་གི་ཤོག་དྲིལ་ལས་བྱུང་བའི་“བན་དེ་ཆེན་པོ་དཔལ་གྱི་ཡོན་ཏན་གྀ་ཞ་སྔར། རེབ་ཀོང་མདོ་བརྩན་དང་གནང་བཙན་ལེགས་གྱྀ་མཆྀད་གསོལ་བའ་”ཞེས་པ་དེས་ལན་ཁ་གསལ་ཞིག་འདེབས་ཐུབ་པ་ཡིན་ཏེ། བན་དེ་ཆེན་པོ་དཔལ་གྱི་ཡོན་ཏན་ནི་ཁྲི་ལྡེ་སྲོང་བཙན་དང་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་གཉིས་ཀྱི་བཀའི་བློན་པོ་ཡིན་ལ། ཁྱད་པར་ཁྲི་ལྡེ་སྲོང་བཙན་གྱི་སྐུ་དུས་སུ་རྒྱ་དང་མཇལ་དུམ་བྱེད་པའི་ཆབ་སྲིད་དོན་ཆེན་ནང་དུ་ཞུགས་ལུགས་ཆབ་མདོའི་ལྡན་མ་བྲག་བརྐོས་ཡི་གེར་གསལ་བ་མ་ཟད། ཁྲི་ལྡེ་སྲོང་བཙན་རིང་ཆོས་མི་འཇིག་པའི་ཕྱིར་རྗེ་བློན་མནས་བསྒགས་པའི་བཀའ་གཅིགས་ཡི་གེ་ལས་ཀྱང་“ཆབ་སྲིད་ཀྱི་བློན་པོ་མན་ཆད་བློན་པོ་ཆེ་ཕྲ་བྲོ་བསྩལ་བ་ལ། བན་དེ་བཀའ་ཆེན་པོ་ལ་གཏོགས་པ། བན་དེ་བྲན་ཀ་ཡོན་ཏན་”⑨ཞེས་དང་། དབོན་ཞང་རྡོ་རིང་གི་བྱང་ངོས་ཡི་གེར་སྐབས་དེའི་བོད་ཕྱོགས་མནའ་གན་ནང་ཞུགས་མཁན་དཔོན་རིགས་བཅུ་བདུན་གྱི་མིང་ཐོ་གསལ་བ་ལས། “བཀའ་ཆེན་པོ་ལ་གཏོགས་ཏེ། ཕྱི་ནང་གཉིས་ལ་དབང་ཞིང་ཆབ་སྲིད་འཛིན་པ་བན་དེ་ཆེན་པོ་ཡོན་ཏན་”ཞེས་གསལ་བ་སོགས། བན་དེ་ཆེན་པོ་དཔལ་གྱི་ཡོན་ཏན་གྱི་མཚན་སྐབས་དེའི་མཇལ་དུམ་སོགས་ནང་ཞུགས་མཁན་གྱི་བོད་ཀྱི་བློན་པོ་ཀུན་གྱི་ཐོག་མར་བཀོད་པའི་ཚུལ་ལ་གཞིགས་ན། དཔལ་གྱི་ཡོན་ཏན་ནི་སྐབས་དེ་ཤེད་ཀྱི་བོད་བློན་ཚོགས་པའི་འཐུས་མི་གཙོ་བོའི་གྲས་ཤིག་ཡིན་པར་གོར་མ་ཆག་ལ། ད་དུང་《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས་》ལས། “ཡོན་ཧི་ཁྲི་ལོ་ལྔ་པར། སྤྱི་ལོ་810ལྕགས་ཕོ་སྟག་ཐང་ཞན་ཙུང་ལི་ཁྲུན། ཚི་པུའུ་ལང་ཀྲུང་གི་ཐབས་ཡོད་པ་ཞུ་ཧྥུའུ་བྱ་བ་བྷོད་དུ་ཕོ་ཉར་མངགས་ཏེ། བནྡེ་ཆེན་པོ་ལ་ཡི་གེ་ཕུལ། བནྡེ་ཆེན་པོ་བྱ་བ་ནི་བྷོད་ཀྱི་བཙུན་པས་སྲིད་དོན་གཉེར་བའི་དཔོན་རིགས་ཤིག་ཡིན་ལ། བནྡེ་ཆེ་བོ་ཞེས་ཀྱང་བ་”⑩ཞེས་བྱུང་བ་དེ་དག་ལས། བྲན་ཀ་དཔལ་གྱི་ཡོན་ཏན་ནི་ཁྲི་ལྡེ་སྲོང་བཙན་དང་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་ཡབ་སྲས་གཉིས་ཀྱི་སྐུ་རིང་ལ་ཆོས་སྲིད་ཀྱི་བློན་པོ་གལ་ཆེན་ཞིག་ཡིན་པར་དོགས་པ་ཟ་མི་དགོས་པ་མ་ཟད། ཁོང་ཉིད་ཀྱི་ཆོས་སྲིད་ཀྱི་གོ་གནས་ཀྱང་བོད་བློན་ཀུན་གྱི་ཐོག་མར་ཡིན་པ་གསལ་པོར་རྟོགས་ཐུབ་པ་ཡིན། དེས་ན་གོང་གི་མཆིད་གསོལ་བའི་ཡི་གེ་དེ་ལས་རེབ་ཀོང་མདོ་བརྩན་དང་གནང་བཙན་ལེགས་གཉིས་ལ་ཆབ་སྲིད་ཀྱི་གོ་གནས་ཇི་འདྲ་ཞིག་ཡོད་སྐོར་གསལ་པོ་ཤེས་མ་ཐུབ་ནའང་། ཕྱི་ནང་ཆོས་སྲིད་གཉིས་ཀའི་དབང་འཛིན་པ་བན་དེ་ཆེན་པོ་དཔལ་གྱི་ཡོན་ཏན་ལྟ་བུའི་བློན་ཆེན་ལ་ཐད་ཀར་ཡི་གེ་སྤྲིངས་ཏེ་གནས་ཚུལ་ཡར་ཞུ་བས་པའི་དོན་དངོས་ལ་གཞིགས་ན། རེབ་ཀོང་མདོ་བརྩན་དང་གནང་བཙན་ལེགས་གཉིས་ལའང་ཆབ་སྲིད་ཀྱི་གོ་གནས་ངེས་ཅན་ཞིག་ཡོད་པ་ཤུགས་སུ་རྟོགས་ཐུབ། དེ་བས་རེབ་ཀོང་འདྲོན་ཞེས་པ་དང་རེབ་ཀོང་མདོ་བརྩན་ཞེས་པ་སོགས་ལས་རེབ་ཀོང་ཞེས་པའི་མིང་འདི་ཡང་ཡར་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་དུས་སམ་མ་མཐར་ཡང་ཁྲི་རལ་པ་ཅན་གྱི་དུས་ལ་འདེད་ཆོག་པར་འདོད།
གསུམ།
ཏུན་ཧོང་ནི་འཛམ་གླིང་ཤར་ཕྱོགས་དང་ནུབ་ཕྱོགས་དབར་དངོས་ཟོག་དང་རིག་གནས་བརྗེ་རེས་བྱེད་པའི་“ཟ་འོག་དར་ལམ་”ཐོག་གི་དངོས་པོའི་ས་ཚིགས་དང་རིག་པའི་གྲོང་ཁྱེར་གྲགས་ཅན་ཞིག་ཡིན་ཞིང་། རྒྱལ་སྤྱིའི་སྟེང་མཚན་སྙན་གྲགས་ཆེན་པོ་ཡོད་པས། སྐབས་དེར་ཡུལ་ཕྱོགས་སོ་སོའི་ཤེས་རིག་ཅི་ནུས་ཀྱིས་བསྡུ་ལེན་བྱས་ཏེ་རང་གི་རིག་གནས་གཙུག་ལག་སྐྲུན་བཞིན་པའི་བོད་ལྟ་བུར་མཚོན་ན། ཁུལ་དེ་ནི་རིན་ཐང་གཞལ་དུ་མེད་པའི་རིན་ཆེན་ནོར་བུ་ལྟ་བུ་ཞིག་ཡིན་པར་བརྟེན། དྲག་པོའི་སྟོབས་ཀྱིས་ས་དེར་གཏོར་སྐྱོན་བྱེད་མི་སྲིད་པ་དང་། ལྷག་པར་དུ་ཏུན་ཧོང་ནི་རྒྱ་ནག་ཝེའི་རྒྱལ་རབས་ནས་བཟུང་ཆོས་ལུགས་ཀྱི་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ཏེ། རྒྱལ་རབས་རིམ་བྱུང་སོ་སོ་ནས་བཞེངས་པའི་བྲག་བརྐོས་ལྷ་ཁང་དང་ལྷ་སྐུ་སོགས་རྟེན་གལ་ཆེན་གྲངས་ལས་འདས་པ་ཡོད་པ་མ་ཟད། རྒྱ་ནག་གི་ལོ་རྒྱུས་དང་ཚན་རིག རྩོམ་རིག ཆོས་ལུགས་བཅས་ཀྱི་དཔེ་གཞུང་མང་པོ་བཞུགས་ལ། དགོན་སྡེ་ཆེན་པོ་ཡང་འགའ་ཡོད་པར་བརྟེན་ས་ཁུལ་དེའི་རིག་གནས་སྤྱིའི་ལྟེ་གནས་སུ་གྱུར་ཡོད།
སྐབས་དེར་ཏུན་ཧོང་དུ་ནང་བསྟན་ཆོས་ལུགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་མ་ཟད། དེའི་སྒྲིག་གཞི་དམ་ལ་གཞི་རྒྱ་ཤིན་ཏུ་ཆེན་པོ་ཡོད། ལོ་རྒྱུས་ཡིག་ཆའི་ནང་འཁོད་པར་གཞིགས་ན། སྐབས་དེར་བོད་ཀྱི་རྒྱལ་བློན་བཙུན་མོ་དང་། སྐད་གཉིས་སྨྲ་བའི་ལོ་ཙཱ་བ། འབངས་མི་སེར་མང་པོ་ཞིག་གིས་རྒྱལ་བའི་སྐུ་གསུང་ཐུགས་རྟེན་བཞེངས་བྲིའི་ལས་ལ་ཞུགས་ཏེ། 《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་》དང་། 《དཔང་སྐོང་ཕྱག་རྒྱ་པ་》《གདུགས་དཀར་》《སུམ་ཅུ་པའི་ཚིག་ལེའུར་བྱས་པའི་རྩ་འགྲེལ་》《ཕུང་པོ་ལྔའི་རབ་ཏུ་བྱེད་པ་དང་རྣམ་འགྲེལ་》《རྣལ་འབྱོར་སྤྱོད་པའི་ས་》《སོ་སོར་ཐར་བའི་མདོ་》《བཤེས་པའི་སྤྲིང་ཡིག་》སོགས་བོད་ཡིག་ཏུ་བསྒྱུར་ཡོད་པ་མ་ཟད། གཅིག་གྱུར་གྱི་ཆོས་ལུགས་སྒྲིག་གཞི་ཞིག་ཀྱང་ཆགས་ཡོད། དེ་ཡང་ཏུན་ཧོང་གཏེར་ཡིག་ལས། “བོད་ཡུལ་དུ་བྱུང་བའི་དགེ་བའི་བཤེས་གཉེན་གྱི་རྒྱུད་ཀྱི་རྣམ་གྲངས་ལ། རྒྱ་གར་མཁན་པོ་དེ་སྭ་དྭ་ལས་བསྩོགས་པའི་སློབ་མ་ནི། འབའ་བཙུན་པ་ཡེ་ཤེས་དབང་བོ། དབལ་དཔལ་དབྱངས། ངན་ལམ་རྒྱལ་མཆོག་དབྱངས། འགོ་འབོམ་རྡོ་རྗེ་རྒྱལ་པོ། ཇིང་གསལ་རབ་རིན་པོ་ཆེ། མྱང་མཆོག་རབ་གཞུ་ནུ། མྱང་གཤའ་མྱི་གོ་ཆ། ་་་་་་ཀམ་ཅུའི་ཆོས་གྲྭའི་སློབ་དཔོན། ལྭང་ཤེས་རབ་ཟླ་བ། ་་་...ཨན་དགེ་ལམ།......གོག་ཅུའི་ཆོས་གྲའི་སློབ་དཔོན་མྱང་རིན་ཅེན་བྱང་ཆུབ། ཞ་སྔ་འཇམ་པའི་སྙིང་པོ། འགོ་འབོམ་ས་མུན་ཏ། འགྲེང་རོ་དགེའི་བློ་གྲོས། ཕུང་དགེ་རྒྱལ་ལས་བསྩོགས་ཤིང་གོང་བུ་ནས་......བརྒྱུད་པ་ལགས་སྟོ་”⑾ཞེས་འཁོད་པ་ལས་རགས་ཙམ་རྟོགས་ཐུབ་པ་ཡིན། དེས་ན་རེབ་ཀོང་རིག་པའི་འབྱུང་གནས་ཞེས་ད་ལྟ་རིག་གནས་འདི་འདྲ་ཞིག་དར་བའང་གནའ་བོའི་རིག་པའི་ལྟེ་གནས་ཏུན་ཧོང་གི་ཤུགས་རྐྱེན་ཐེབས་པ་ཨེ་ཡིན་སྙམ། གཞན་ཧྥ་རན་སིར་ཉར་བའི་ཏུན་ཧོང་ཡིག་རྙིང་ཁག་གཅིག་གི་ནང་དུའང་རེབ་ཀོང་བའི་ཡིག་མཁན་འགའི་མཚན་བཀོད་ཡོད་པ་དཔེར་ན། ཧྥ་རན་སིར་ཉར་བའི་ཡིག་ཆ་ཨང་རྟགསp. t. 1591/109《ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའ་སྟོང་ཕྲག་བརྒྱ་པ་》ཞེས་པའི་བྲིས་མ་ཞིག་གི་སྦྱར་བྱང་དུ། “གཙུགཏོར་བྲིས། ཡུག་གུ་སུ་ཉིས་གཅིག་ཞུས་”ཞེས་དང་། ཡིག་ཆ་ཨང་རྟགས་p. t. 1595/109《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་》ཞེས་པའི་བྲིས་མ་ཞིག་གི་ཐོག་ཏུ “རེབ་ཀོང་གཙུག་ལ་ཏོན་བྲིས་སྷོ། ཁྲོམ་ཟིགས་གྱིས་ཞུས་”ཞེས་དང་། ཡིག་ཆ་ཨང་རྟགས་p. t.1600/110《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་》ཞེས་པའི་བྲིས་མ་ཞིག་གི་ཐོག་ཏུའང། “རེབ་ཀོང་གཙུག་ལ་ཏོར་བྲིསྟེ་ཡི་གེ་ལེགས་ལ་ཆད་ཀྱང་མྱེད་དོ། ། ཁང་དར་ཚེ་གྱི་དཔེ་ལགས་སོ། །་་་...གཡུ་བརྩན་གྱིས་བྲིས། ། རེབ་ཀོང་སེ་སྨ་དང་ཞུ་”ཞེས་དང་། ཡིག་ཆ་ཨང་རྟགས་p.t.1604/110《ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའ་སྟོང་ཕྲག་བརྒྱ་པ་》ཞེས་པའི་ཤོག་དྲིལ་གྱི་སྦྱར་བྱང་དུ། “རེབ་ཀོང་དགེ་བརྩན་གྱྀས་བྲྀས་པ་ལགས་གྱྀས། ལང་ཙེའི་བྲི་བའྀ་......ལེགས་བཞེར་ལ། ། སྙན་ལེགས་གྱྀ་མཆྀད་གསོལ་བ། བདག་ནྀ་མཚར་་་་་་་བན་དེ་དཔལ་གྱི་མཆིད་གསོལ་བའ།......བདག་ངན་པ་ཤ་ཅུ་ན་སྐུ་ཡོན་ཤེས་རབ་འབུམ་་་་་་་འདྲི་བའྀ་ཞུ་ཆེན་པ་འཚལ་བའ་”ཞེས་པ་སོགས་བྱུང་བ་ལྟ་བུ་ཡིན། དེ་དག་གི་ཐོག་ནས་སྔར་ཏུན་ཧོང་དུ་རེབ་ཀོང་བའི་ཡིག་མཁན་འགའ་བྱུང་ཡོད་པ་དང་དེ་དག་ཁྲོད་ལས་“རེབ་ཀོང་གཙུག་ལ་ཏོན་”དང་“རེབ་ཀོང་དགེ་བརྩན་”ཞེས་པ་གཉིས་ནི་ཆོས་གཞུང་བྲི་བཤུའི་ཡིག་མཁན་དང་། “རེབ་ཀོང་སེ་སྨ་”ཞེས་པ་ནི་ཞུས་དག་བགྱིས་མཁན་ཡིན་པ་ཤེས་ཐུབ། ལྷག་པར་དུ་ཡིག་ཆp. t. 1600/110ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་》ཞེས་པའི་བྲིས་མའི་ཐོག་ཏུ། “རེབ་ཀོང་གཙུག་ལ་ཏོར་བྲིསྟེ་ཡི་གེ་ལེགས་ལ་ཆད་ཀྱང་མྱེད་དོ་”ཞེས་རེབ་ཀོང་གཙུག་ལ་ཏོར་ནི་ཡི་གེའི་འབྲི་རྩལ་ལ་ཧ་ཅང་མཁས་པ་ཞིག་ཡིན་པར་བསྔགས་བརྗོད་ཆེན་པོ་བྱས་ཡོད། དེ་དག་ལས་ཡུལ་རེབ་ཀོང་ནས་བོད་བཙན་པོའི་དུས་ནས་བཟུང་དཔོན་སྣ་འཛིན་པའི་བློན་པོ་དང་རིག་གནས་ལ་བྱང་བའི་ཡོན་ཏན་ཅན་སོགས་མཁས་པ་མང་པོ་ཞིག་བྱུང་ཡོད་པ་ར་སྤྲོད་གང་ལེགས་བྱེད་ཐུབ།
བཞི།
ཏུན་ཧོང་བྲག་ཕུག་ནང་དུ་ལྷ་ཁང་མང་པོ་བཞེངས་ཡོད་པ་དེ་དག་གི་ཁྲོད་ན་བོད་རྒྱ་མི་རིགས་དང་ནུབ་ཕྱོགས་ཏ་ཟིག་ལ་སོགས་ཀྱིས་བཞེངས་སྐྲུན་བྱས་པའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱིས་རབ་ཏུ་ཕྱུག་པའི་ལྷ་སྐུ་གྲངས་ལས་འདས་པ་ཞིག་ཡོད་པ་དེ་དག་གིས་ཏུན་ཧོང་རིག་པའི་གྲོང་ཁྱེར་དེ་ཉིད་འཛམ་གླིང་ཤར་ཕྱོགས་ཀྱི་སྒྱུ་རྩལ་འཕྲུལ་གྱི་ཕོ་བྲང་ཞིག་ཏུ་བཏོད་ཡོད། བོད་ཀྱིས་དུས་རབས་བརྒྱད་པའི་ནང་ཏུན་ཧོང་གི་ཡུལ་ཆར་ལོ་ངོ་བདུན་ཅུ་ལྷག་ཙམ་དབང་བསྒྱུར་བྱས་པའི་རིང་ལ་མའོ་ཀའོ་བྲག་ཕུག་བརྒྱད་ཅུ་ལྷག་གི་ནང་དུ་བོད་ཀྱི་ལྷ་བཟོ་བས་བཞེངས་པའི་འཇིམ་སྐུ་དང་ལྡེབས་བྲིས་སྣ་ཚོགས་བཞུགས་ལ། བྲག་ཕུག་ཉི་ཤུ་ལྷག་ཙམ་ལ་ཞིག་གསོ་སོགས་བྱས་ཡོད་པ་དེ་དག་ནི་གནའ་བོའི་བོད་ཀྱི་རི་མོའི་སྒྱུ་རྩལ་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གལ་ཆེན་འབའ་ཞིག་ཏུ་འཁུམས།
དེས་ན་འགའ་ཞིག་གིས། ཏུན་ཧོང་བོད་ཀྱི་ཡིག་རྙིང་ལས་བྱུང་བའི་“རེབ་ཀོང་”ཞེས་པ་དེ་ད་ལྟའི་རེབ་གོང་མིན་ནོ་ཞེ་ན། དེ་ཡང་དེ་ལྟར་མིན་ཏེ། ཏུན་ཧོང་གཏེར་ཡིག་སོགས་བོད་ཀྱི་ཡིག་རྙིང་དག་ཏུ་རྨང་གཞིའི་ཡི་གེ་བརྗེ་རེས་བྱས་པ་ཧ་ཅང་མང་བ་དང་། དེ་ཡང་རིགས་གཉིས་སུ་བསྡུ་ཆོག་སྟེ། གཅིག་ནི་སྡེ་པ་མཐུན་པའམ་སྡེ་པ་མཚུངས་པའི་རྨང་གཞིའི་ཡི་གེ་ཕན་ཚུན་བརྗེ་རེས་བྱས་པ་དང་། གཞན་ཞིག་ནི་སྡེ་པ་མི་མཐུན་པའམ་སྡེ་པ་འཁྱོར་བའི་རྨང་གཞིའི་ཡི་གེ་ཕན་ཚུན་བརྗེ་རེས་བྱས་པ་དེའོ། སྡེ་པ་མཐུན་པའམ་སྡེ་པ་གཅིག་པའི་སྐོར་ཏེ། ཀ་དང་ཁ་གཉིས། ཀ་དང་ག་གཉིས། ཁ་དང་ག་གཉིས་ཕན་ཚུན་བརྗེ་རེས་བྱས་པ་དཔེར་ན། ཁལ་ལ་ཀལ་དང་། སྐུ་མཁར་ལ་སྐུ་ཀར། མཁོས་བགྱིས་ལ་མཀོས་བགྱིས་སོགས་དང་། ཀླུང་ལ་གླུང་། སྐྱེད་ཚལ་ལ་སྒྱེད་ཚལ་དང་། བཀའ་ཁྲིམས་ལ་བཀའ་གྲིམས་སོགས་ལྟ་བུ་དང་། དེ་བཞིན་རྨང་གཞིའི་ཡི་གེ་ཅ་དང་ཆ་གཉིས་བརྗེ་རེས་བྱས་པ་དཔེར་ན། གཅིག་ལ་གཆིག་དང་། ཆེན་པོ་ལ་ཅེན་པོ། དཀོན་མཆོག་ལ་དཀོན་མཅོག་སོགས་ལྟ་བུ་དང་། རྨང་གཞིའི་ཡི་གེ་ཅ་ཉ་གཉིས་བརྗེ་རེས་བྱས་པ་དཔེར་ན། གཅིག་ཏུ་ལ་གཉིག་ཏུ་ཞེས་པ་ལྟ་བུ་དང་། ཏ་སྡེ་ལས་ཏ་དང་ཐ་གཉིས། ཏ་དང་ད་གཉིས། ཐ་དང་ད་གཉིས་ཕན་ཚུན་བརྗེ་རེས་བྱས་པ་དཔེར་ན། གཏུམ་མོ་ལ་གཐུམ་མོ་དང་། གཏད་པ་ལ་གཐད་པ་དང་། དང་ལ་ཏང་དང་། རྩི་ཏོག་ལ་སྩི་དོག ཅོ་ཐོ་ལ་ཅོ་དོ་སོགས་ལྟ་བུ་དང་། རྨང་གཞིའི་ཡི་གེ་ད་ན་གཉིས་བརྗེ་རེས་བྱས་པ་དཔེར་ན། སྡར་མ་ལ་སྣར་མ་ཞེས་པ་སོགས་ལྟ་བུ། པ་སྡེ་ལས་པ་དང་ཕ་གཉིས། པ་དང་བ་གཉིས། བ་དང་ཕ་གཉིས་ཕན་ཚུན་བརྗེ་རེས་བྱས་པ་དཔེར་ན། རྒྱལ་ཕྲན་ལ་རྒྱལ་པྲན། ཕྱག་དར་ལ་པྱག་དར། སྟངས་དཔྱལ་ལ་སྟངས་དབྱལ། ཕུལ་བྱུང་ལ་ཕུལ་ཕྱུང་། ཕྱུང་བ་ལ་བྱུང་བ་སོགས་ལྟ་བུ་དང་། གཞན་ཙ་སྡེ་ལས་ཙ་དང་ཚ་གཉིས་བརྗེ་རེས་བྱས་པ་དཔེར་ན། ཚུལ་ཁྲིམས་ལ་ཙུལ་ཁྲིམས། བྲོ་གཅིགས་ལ་བྲོ་གཚིགས་སོགས་མང་དུ་བྱུང་བ་ལྟ་བུ་ཡིན། གཞན་སྡེ་པ་མི་མཐུན་པའམ་སྡེ་པ་འཁྱོར་བའི་རྨང་གཞིའི་ཡི་གེ་སྐོར་ཞིག་ཕན་ཚུན་བརྗེ་རེས་བྱས་པ་དཔེར་ན། མགྲོན་པོ་ལ་འདྲོན་པོ་དང་། འགྲུལ་པ་ལ་འདྲུལ་བ། ཆུད་པ་ལ་ཚུད་པ། ཚ་ཚ་ལ་ཚ་ས། མ་ཚད་ལ་མ་ཟད་དང་། སྟོན་ཟླ་ལ་སྟོན་སླ། ཉག་རྩ་ལ་ནག་རྩ་ཞེས་པ་སོགས་དཔེར་དྲང་རྒྱུ་མང་དུ་མཆིས་པས། རེབ་ཀོང་ཞེས་པ་རེབ་གོང་དུ་བྲིས་པ་ཡང་སྡེ་པ་མཐུན་པའི་རྨང་གཞིའི་ཡི་གེ་ཀ་དང་ག་གཉིས་ཕན་ཚུན་བརྗེ་རེས་བྱས་པ་ལས་བྱུང་བ་ཞིག་ཡིན་པ་གསལ་པོར་རྟོགས་ཐུབ། འོ་ན་རྨང་གཞིའི་ཡི་གེ་ཁག་གཅིག་དེ་ལྟར་ཕན་ཚུན་བརྗེ་རེས་བྱས་པར་རྒྱུ་མཚན་ཅི་ཡོད་ཅེ་ན། དེ་ལ་མཁས་པ་རྣམས་ཀྱིས། ཕན་ཚུན་བརྗེ་རེས་བྱས་པའི་རྨང་གཞིའི་ཡི་གེ་དེ་དག་གི་སྒྲའི་སྐྱེ་གནས་ཀྱི་ཡངས་དོག་འདྲ་བའམ། ཕོ་མོ་མ་ནིང་སོགས་སྒྲ་གདངས་ཀྱི་དྲག་ཞན་དང་རྟགས་མཚུངས་པ་ཡིན་པའི་ཆ་ནས་བཞག་ཅེས་བཞེད། དེའི་ཕྱིར་ཡུལ་འདིའི་ས་མིང་ཡང་“རེབ་གོང་”ངམ་“རེབ་ཀོང་”ཞེས་གང་རུང་དུ་འབྲི་ཆོག་པར་སྙམ་མོ། །
ལུང་འདྲེན་དཔྱད་ཡིག
①③⑥《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》དེབ་གསུམ་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་བསྐྲུན། ༡༩༩༠ལོར། ཤོག་ངོས། ༢༡༦ ༢༡༦-༢༡༧ ༢༢༣
②བྲག་སྒོམ་པ་དཀོན་མཆོག་བསྟན་པ་རབ་རྒྱས། 《མདོ་སྨད་ཆོས་འབྱུང་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ༡༩༨༢ལོར། ཤོག་ངོས༡༦- ༡༧
④⑤དགེ་བཤེས་ཆེན་པོ་འཇམ་དབྱངས་བསོད་ནམས་གྲགས་པ། 《རེབ་གོང་རུས་མཛོད་ལྟ་བ་མཁའ་ཁྱབ་ཕྱོགས་བྲལ་》མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ༢༠༡༠ལོར། ཤོག་ངོས། ༦༩༤ ༦༩༤-༦༩༥
⑦ཀན་སུའུ་ཞིང་ཆེན་ཏུན་ཧོང་གྲོང་ཁྱེར་དངོས་མང་བཤམས་སྟོན་ཁང་དུ་ཉར་བའི་ཤོག་དྲིལ་ཨང་རྟགས་Db. t.0328ནང་གསལ།
⑧མཁར་རྨེའུ་བསམ་གཏན། 《མདའ་དང་འཕང་》སྟོད་ཆ། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གིས་བསྐྲུན། ༢༠༠༧ལོར། ཤོག་ངོས།༣༥༧
⑨གཉའ་ཀོང་དཀོན་མཆོག་ཚེ་བརྟན། 《བོད་ཀྱི་བརྡ་རྙིང་ཡིག་ཆ་ཕྱོགས་བསྒྲིགས་》ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་གིས་བསྐྲུན། ༡༩༩༥ལོར། ཤོག་ངོས། ༡༧༢
⑩དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར། 《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ༡༩༨༣ལོར། ཤོག་ངོས། ༩༥
⑾ཐན་ཨིན་གྱིས་ཏུན་ཧོང་བྲག་ཕུག་ནས་ཁྱེར་ནས་ད་ལྟ་ལུན་ཏུན་ན་བཞུགས་པའི་བོད་ཀྱི་གནའ་རབས་ཡིག་ཆ་སྟེ། ཉི་ཧོང་གིས་དཀར་ཆག་ཏུ་བསྒྲིགས་པའི་དེབ་བདུན་པའི་ཤོག་ངོས་༡༡ནང་གསལ།
〔གསལ་བཤད།〕དཔྱད་རྩོམ་འདི་ནི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་༢༠༡༡ལོའི་ནུབ་རྒྱུད་ཁུལ་གྱི་ལས་གཞི་སྟེ། 《ཀན་སུའུ་ས་ཁུལ་དུ་ཉར་བའི་ཏུན་ཧོང་བོད་ཀྱི་ཡིག་རྙིང་ལས་སྤྱི་ཚོགས་ཡིག་ཆའི་ཡིག་སྒྱུར་ཞིབ་འཇུག་》ཅེས་པའི་བར་སྐབས་ཀྱི་དཔྱད་འབྲས་ཤིག་ཡིན། ལས་གཞིའི་ཨང་རྟགས་ནི་11XMZ060ཡིན།