རྩོམ་པ་པོ།   རིན་ཆེན་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2019-11-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ11པའི་ཚེས་8ཉིན། བདེ་ཆེན་ཁུལ་ལོ་ཆུང་གཞོན་ནུའི་དངོས་མིན་རིག་གནས་ཤུལ་བཞག་བརྗོད་བྱ་གཙོ་བོར་བྱས་པའི་བོད་སྐད་གཏམ་བཤད་འགྲན་བསྡུར་སྐབས་གཉིས་པ་དེ་བདེ་ཆེན་བོད་ཡིག་སློབ་འབྲིང་ནས་གཟབ་རྒྱས་ངང་བསྡུས་ཤིང་།གཏམ་བཤད་འགྲན་བསྡུར་དེ་དམའ་འབྲིང་དང་མཐོ་འབྲིང་གི་སྐོར་ཁག་གཉིས་སུ་བགོས་ཡོད་ལ། བསྡོམས་པས་སློབ་མ་30ཐེངས་འདིའི་འགྲན་བསྡུར་ལ་ཞུགས་འདུག དེའི་ཁྲོད་དུ་དམའ་འབྲིང་གི་སློབ་མ་15དང་མཐོ་འབྲིང་གི་སློབ་མ་15ཡོད། དེ་ཡང་སློམ་མ་རྣམས་ཀྱི་གཏམ་བཤད་ཀྱི་ནང་དོན་ལ་ཡང་དར་བཤད་དང་རྒྱལ་ཐང་གི་སྐོར་བྲོ། ཉི་ཤར་བྱམས་གླུ། ཐང་ག གེ་སར་རྒྱལ་པོ། གོས་རྒྱན། མདའ་བཤད། ཆང་བཤད། སྐད་ཡིག་སོགས་སྣ་ཚོགས་འདུས།
འགྲན་བསྡུར་གྱི་ཡུལ་དངོས།
འདི་ལྟ་བུའི་བོད་སྐད་གཙང་མའི་གཏམ་བཤད་འགྲན་བསྡུར་ཞིག་བདེ་ཆེན་བོད་ཡིག་སློབ་འབྲིང་ནས་སྤེལ་བ་ལ་དོན་སྙིང་ཆེན་པོ་ལྡན་ཏེ།གཞོན་ནུ་ལོ་ཆུང་ཚོས་རང་མི་རིགས་ཀྱི་དམངས་ཁྲོད་རིག་གནས་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ།སྐད་དང་ཡི་གེ་རྒྱུན་འཛིན་བཅས་ཀྱི་འདུ་ཤེས་གོང་འཕེལ་གཏོང་བར་ཕན་པ་ཆེན་པོ་ལྡན་ཡོད།
ཐེངས་འདིའི་གཏམ་བཤད་འགྲན་བསྡུར་དེ་ཡང་གོ་རིམ་ལྡན་ལ་ཧ་ཅང་ཚད་ལྡན་ཡིན་ཏེ། ས་གནས་ཀྱི་བོད་རང་གི་སྐད་དང་ཡི་གེ སྲོལ་རྒྱུན་རིག་གནས་བཅས་ལ་རྒྱུས་ལོན་གཏིང་ཟབ་ཡོད་པའི་མཁས་པ་དང་རིག་གཞུང་ཞིབ་འཇུག་པ།དགེ་རྒན་སོགས་མི་སྣ་གྲགས་ཅན་འགའ་དཔྱད་འདེམས་པར་གདན་འདྲེན་ཞུས་ཡོད་ལ།དཔྱད་འདེམས་པ་རྣམས་ཀྱིས་འགྲན་ཞུགས་སློབ་མ་རེ་རེའི་གཏམ་བཤད་ཀྱི་ནང་དོན་དང་གྱོན་གོས། ཕྱི་ལུས་ཀྱི་ཉམས་འགྱུར། སྐད་གདངས་ཀྱི་མཐོ་དམའ། སྨྲ་ལྕེ་དག་མིན་སོགས་ཕྱོགས་བསྡུས་ཀྱི་སྒོ་ནས་སྐར་མ་རྒྱག་པ་རེད།
འགྲན་ཞུགས་སློབ་མ་སོ་སོས་གཏམ་བཤད་བྱས་ཚར་རྗེས་དཔྱད་འདེམས་པའི་ཚབ་བྱེད་མི་སྣ་སྟེ་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་དགེན་པདྨ་ཚེ་རིང་གིས་སྤྱིའི་ཆ་ནས་འགྲན་ཞུགས་སློབ་མ་ཚོའི་གཏམ་བཤད་བྱེད་པའི་སྐབས་ཀྱི་མི་འདང་ས་དང་མཉམ་འཇོག་བྱ་དགོས་སར་ཕྱོགས་བསྡོམས་རང་བཞིན་གྱི་དཔྱད་བརྗོད་བྱས་པར་མ་ཟད། ཞོར་དུ་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གྱི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་སྐོར་གྱི་གཏམ་བཤད་གལ་ཆེན་གནང་པས་སློབ་མ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་རེད།
དམའ་འབྲིང་གི་ཨང་དང་པོ་ཐོབ་མཁན་རྣམ་སྲས་རྡོ་རྗེ།
མཐོ་འབྲིང་གི་ཨང་དང་པོ་ཐོབ་མཁན་བཀྲ་ཤིས་རྣམ་རྒྱལ།
ཛ་དྲག་གི་འགྲན་བསྡུར་དེ་དུས་ཚོད་གཉིས་ལྷག་ལ་སྤེལ་བ་བརྒྱུད། མཐར་སློབ་གྲོགས་རྣམ་སྲས་རྡོ་རྗེ་དམའ་འབྲིང་གི་འགྲན་ཞུགས་པ་རྣམས་ལས་དམིགས་སུ་ཐོན་ཏེ་བྱ་དགའ་ཨང་དང་བོ་ཐོབ་ལ། སློབ་གྲོགས་བཀྲ་ཤིས་རྣམ་རྒྱལ་མཐོ་འབྲིང་གི་འགྲན་ཞུགས་པ་རྣམས་ལས་དམིགས་སུ་ཐོན་ཏེ་བྱ་དགའ་ཨང་དང་པོ་ཐོབ་པ་རེད། དེ་མིན་སྒྲོམ་མ་གཡང་འཛོམས་དང་བསོད་ནམས་ནོར་བུ་སོགས་སློབ་གྲོགས་དྲུག་ལ་བྱ་དགའ་ཨང་གཉིས་པ་ཐོབ་པ་རེད།