བོད་ཀྱི་ཞབས་བྲོ《རེབ་གོང་གསེར་མོ་ལྗོངས》ཞེས་པ་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཟློས་གར་དུ་བདམས་ཐོན་བྱུང་སྟེ་འགྲེམས་སྟོན་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-15   རྩོམ་ཁུངས།    མཚོ་སྔོན་ཞིང་ཆེན་སྲིད་གཞུང་།

    ཟླ11ཚེས11ཉིན་གྱི་དགོང་མོ། མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པའམ་རྨ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པའི་གསར་རྩོམ་གནང་བའི་ཕྱོགས་བསྡུས་ཞབས་བྲོ《རེབ་གོང་གསེར་མོ་ལྗོངས》ཞེས་པ་དེ་ཞིང་ཆེན་གྱི་རྫོང་མཁར་ཟི་ལིང་གི་སྐར་ཚོམ་གར་སྟེགས་ཆེན་མོའི་སྟེང་དུ་འཁྲབ་སྟོན་བྱས་ཤིང་། གྲོང་ཁྱེར་གྱི་རྒྱ་ཆེའི་ལྟད་མོ་བ་དག་ལ་གསེར་མདོག་གི་གཤོང་སའི་བོད་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་ལ། མཛེས་སྡུག་རྣམ་པར་བཀྲ་བའི་ལེའུ་གསར་བ་ཞིག་གི་ལྟད་མོར་བཤམས་པ་རེད། འདི་ནི་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གཉིས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་གནང་བའི“དུས་རབས་གསར་བའི་བརྩོན་སེམས་དང་ཀྲུང་གོའི་ཕུགས་འདུན་མཉམ་སྐྲུན”ཞེས་པ་ཡིན་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པའི་རྟེན་འབྲེལ་གྱི་ཐད་ནས། ཞིང་ཆེན་ཧྲིལ་བོའི་ཕུལ་བྱུང་ཟློས་གར་འགྲེམས་སྟོན་འཁྲབ་ཚན་རིམ་པ་གཉིས་པ་སྤེལ་ཚུལ་ཡང་ཡིན།

    གླུ་གར་ཚོགས་པའི་འཁྲབ་གཞུང་རྩོམ་སྒྲིག་པ་ཀླུ་རྒྱལ་དོན་འགྲུབ་ཀྱི་ངོ་སྤྲོད་བྱེད་རྒྱུར། རེབ་གོང་ཞེས་པ་ནི་གསེར་མདོག་གི་ལུང་གཤོང་ཆེན་མོའི་དོན་ཡིན་ལ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་གི་རོང་བོ་ཆུའི་འགྲམ་རྒྱུད་ས་ཁུལ་དག་ལ་འབོད་པའི་སྤྱིར་བཏང་གི་མིང་ཞིག་ཡིན། རེབ་གོང་སྒྱུ་རྩལ་ནི་སྤྱི་ལོའི་དུས་རབས10པའི་མཇུག་ནས་དུས་རབས13པའི་སྟོད་ལ་འཕེལ་རྒྱས་བྱུང་འགོ་ཚུགས་ཤིང་། ཐུན་མིན་ཁྱད་འཕགས་ཀྱི་མཛེས་དཔྱོད་འདུ་ཤེས་དང་མ་བཅོས་རྒྱུ་ཆ། གོམས་སྲོལ་རྒྱུན་འཛིན་བཅས་ཀྱིས་བོད་ཀྱི་ནང་བསྟན་དང་དམངས་ཁྲོད་མཛེས་རིས། བཟོ་སྐྲུན་སྒྱུ་རྩལ་སོགས་ཀྱི་ཐད་ལ་ལོ་རྒྱུས་ཀྱི་རིན་ཐང་དང་སྒྱུ་རྩལ་གྱི་རིན་ཐང་ངེས་ཅན་ཞིག་ལྡན། ད་ལྟ་རེབ་གོང་ས་ཁུལ་དེ་བོད་ཀྱི་རིག་གནས་སྒྱུ་རྩལ་གྱི་ནོར་བུ་མོད་སའི་གནས་ཤིག་ཏུ་ཡང་གྱུར་ཡོད། གླུ་གར་ཚོགས་པ་གང་དེས་ས་གནས་འདིའི་འོད་འཚེར་བའི་རིག་གནས་ཀྱི་རྣམ་པ་དང་ས་ཁོངས་རིག་གནས་ནས་འགོ་བརྩམས་སྟེ། རྨ་ལྷོ་ཁུལ་གྱི་ལོ་ངོ70རིང་གི་འཕེལ་རྒྱས་ཀྱི་འགྱུར་ལྡོག་དང་ཟུང་འབྲེལ་སྒོས་མི་རིགས་གང་དེའི་གོམས་སྲོལ་ལ་མཐུན་པའི་ཟློས་གར་ཞབས་བྲོ《གསེར་མདོག་གི་རེབ་གོང》ཞེས་པ་དེ་གསར་རྩོམ་གནང་བ་ཡིན་ཟེར།

    《རེབ་གོང་གསེར་མོ་ལྗོངས》ཞེས་པ་དེས་དོན་དངོས་མཛེས་དཔྱོད་རིག་པའི་གར་སྟེགས་སྒྱུ་རྩལ་གྱི་བྱེད་ཐབས་བརྒྱུད་རྨ་ལྷོ་ཁུལ་གྱི་མངའ་ཁོངས་དེའི་རང་བྱུང་དང་ལོ་རྒྱུས། མི་ཆོས་ཀྱི་སྒྱུ་རྩལ་ཐོན་ཁུངས་བཅས་ལ་བརྟེན་ནས། སྙན་ངག་དང་རི་མོའི་བརྩེ་སེམས་ཀྱིས་ཡོངས་སུ་མངོན་པར་མཚོན་པའི་གསར་རྩོམ་འདུ་ཤེས་དེ་རྨི་འཕྲུལ་རང་བཞིན་གྱི་ལམ་ནས་གར་སྟེགས་སྟེང་མངོན་པར་མཚོན་ཡོད། འཁྲབ་གཞུང་ཧྲིལ་བོར་ཞབས་བྲོ་དང་དམངས་གཞས། དཀྲོལ་ལེན། བོད་ཀྱི་ཟློས་གར་སོགས་ཀྱི་རྣམ་པ་སྤྱད་དེ། གདོད་མའི་དམངས་ཁྲོད་སྒྱུ་རྩལ་གྱི་གཞི་རྒྱུ་མཐོར་འདེགས་དང་ལས་སྣོན་བཏང་ཡོད། དེ་ཡང་དོན་དངོས་ཀྱི་མཛེས་དཔྱོད་རིག་པའི་གར་སྟེགས་སྟེང་གི་སྒྱུ་རྩལ་བྱེད་ཐབས་ལ་བརྟེན་ནས། རེབ་གོང་སྒྱུ་རྩལ་གྱི་དམངས་སྲོལ་སོགས་མི་ཆོས་ངོ་མཚར་ཆེ་བའི་མཛེས་དཔྱོད་དེ་མི་རྣམས་ཀྱི་མིག་ལམ་དུ་མངོན་པར་བྱས་ཡོད།