ཨ་ཁུ་སྟོན་པའི་གནམ་གཏམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-15   རྩོམ་ཁུངས།    ཨ་ཁུ་སྟོན་པ།

        གནའ་སྔ་མོར་ཨ་ཁུ་སྟོན་པའི་ཡུལ་ལ་རྡོག་རྡོག་ཟེར་པའི་མི་ཞིག་ཡོད་ལ། ཉིན་ཞིག་ཨ་ཁུ་སྟོན་པ་འབྲུ་རིགས་རྫོགས་ཏེ་ཨ་ཁུས་བོང་བུ་ཁ་ཤས་གཡར་ནས་དེ་རྣམས་ལ་རིལ་མ་རྒྱབ་ཁ་ཤས་བཀལ་ཏེ་ཞོགས་པ་སྔ་པོ་ནས་ནང་ལ་ལོག་འགྲོ་དུས་རྡོག་རྡོག་དང་འཕྲད། རྡོག་རྡོག་གིས་ཞོགས་པ་སྔ་པོ་དེ་འདྲ་ཨ་ཁུ་ག་པར་ཕྱིན་པ་ཡིན་ཞེས་དྲིས། ཨ་ཁུས་དེ་རིང་ཕུ་ཡི་བྲག་ཕུག་ནས་དངོས་གྲུབ་གནང་གི་འདུག་པ་དང་ངས་དངོས་གྲུབ་ལེན་པར་ཕྱིན་པ་ཡིན་ཟེར་བས། རྡོག་རྡོག་གི་བསམ་པར་རང་ཡང་དངོས་གྲུབ་ཞུ་བར་འགྲོ་དགོས་སྙམ་སྟེ།  ཨ་ཁུར་གང་འདྲ་ཟེ་འགྲོ་དགོས་མིན་སྐད་ཆ་དྲིས། ཨ་ཁུ་སྟོན་པས་ཡར་འགྲོ་དུས་བྱེ་རི་ནས་འགྲོ་དགོས་པ་དང་། མར་ཡོང་དུས་སྤང་རི་ནས་ཡོང་དགོས། བྲག་ཕུག་གི་འགྲམ་དུ་སླེབས་རྗེས་བྲག་ཕུག་ནང་ལག་པ་བརྐྱངས་ནས་དངོས་གྲུབ་གནང་རོགས་ཟེར་དགོས་ཞེས་བཤད། ཉིན་གཉིས་པའི་ཞོགས་པ་སྔ་པོ་ནས་ཨ་ཁུ་སྟོན་པས་སྤང་རི་འཛེགས་ནས་བྲག་ཕུག་ནང་འཛུལ་ནས་བསྡད།  རྡོག་རྡོག་ཡར་འགྲོ་དུས་བྱེ་རི་ནས་ཕྱིན་ཙང་རྗེས་ལ་ལུས། བྲག་ཕུག་གི་འགྲམ་དུ་སླེབས་སྐབས་བྲག་ཕུག་ནང་ལག་པ་བརྐྱངས་ནས་དངོས་གྲུབ་་གནང་རོགས་ཟེར། ཨ་ཁུ་སྟོན་པས་རྡོག་རྡོག་གི་ལག་པ་ནས་དམ་པོར་ཟིན་ནས་མ་གློད་ཙང་རྡོག་རྡོག་ནས་དངོས་གྲུབ་གནང་རོགས་ཞེས་ཐེངས་གསུམ་འབོད་ཀྱང་ལག་པ་མི་གློད། རྡོག་རྡོག་འུ་ཐུག་ནས་དངོས་གྲུབ་མ་བྱུང་ནའང་མཛོག་མགོ་གློད་རོགས་གནང་ཟེར་སྐབས། ཨ་ཁུ་སྟོན་པས་ཁྱོད་ཀྱིས་གྲོང་པ་ནང་གི་ཨ་ཁུ་སྟོན་པ་ལ་འབྲུ་དོ་པོ་གཅིག་སྤྲད་ན་མཛོག་མགོ་གློད་ཆོག་ཟེར། རྡོག་རྡོག་ནས་ཕུལ་རྒྱུའི་ཁས་ལེན་སྟབས་ཨ་ཁུས་ལག་པ་གློད། དེ་ནས་ཨ་ཁུ་སྟོན་པ་བྱེ་རི་ནས་བྱེ་ཤུར་བཏང་ནས་སྔོན་ལ་ཁྱིམ་དུ་སླེབས། རྡོག་རྡོག་སྤང་རི་ནས་ཡོང་ཙང་རྗེས་ལ་ལུས་ནས་ཁྱིམ་དུ་སྐྱོད་སྐབས་ཨ་ཁུས་སྒོ་འགྲམ་དེར་ལངས་ནས་བསྡད་ཡོད་པ་དང་རྡོག་རྡོག་ལ་དངོས་གྲུབ་རག་བྱུང་ངས་ཞེས་སྐད་ཆ་དྲིས། རྡོག་རྡོག་གིས་དངོས་གྲུབ་མེད་ནའང་མཛོག་མགོ་གློད་རོགས་གནང་ཞུས་པས་ཨ་ཁུ་ཁྱེད་ལ་འབྲུ་དོ་པོ་གཅིག་སྤྲོད་ཟེར་གྱི་འདུག་ཞེས་ཟེར་བ་དང་།  དེ་ནས་ཨ་ཁུ་སྟོན་པས་འབྲུ་དོ་པོ་གཅིག་རག་པ་རེད།

        ཡང་ཉིན་ཞིག་ཨ་ཁུ་སྟོན་པས་རྡོག་རྡོག་རོགས་ལ་ཁྲིད། ཁོང་གཉིས་ཀྱིས་གཡག་ཅིག་བརྐུས་ནས་གྲོག་རོང་ཞིག་གི་ནང་དུ་གཡག་དེ་བསད། ཤ་རྣམས་ཁྱེར་ཆོག་ཆོག་བཟོས་རྗེས། ཨ་ཁུས་ཁྱོད་རང་འདི་སྲུང་ནས་བསྡོད་ཨང་། ངས་གྲོད་པ་དེ་བཀྲུ་བར་ཕྱིན་ཟེར་ནས་རྡོག་རྡོག་གིས་མ་མཐོང་སར་གྲོད་པ་དེ་བཀྲུ་བར་ཕྱིན་པ་རེད། དེ་རྗེས་ཨ་ཁུ་སྟོན་པས་གྲོད་པ་དེར་ཕུ་བརྒྭད་སྟེ་མུར་མཛོག་ལྡིང་སྒྲ་འཁྱིལ་བ་ཁ་ཤས་ཞུས་ནས་རྐུ་མཁན་ང་གཅིག་ཁུ་མིན་ད་དུང་རོགས་པ་ཡོད་ཅེས་སྐད་ངན་ཆེན་པོ་བརྒྱབ་པ་རེད། རྡོག་རྡོག་གིས་ཨ་ཁུས་སྐད་ངན་བརྒྱབ་པ་གོ་ནས་ཁོའི་བསམ་པར་ཨ་ཁུ་གཡག་གི་བདག་པོས་འཇུས་ནས་ཉེས་རྡུང་བཏང་གི་ཡོད་པ་འདྲ་བསམས་ནས་བྲོས་ཕྱིན་པ་རེད། དེ་རྗེས་ཨ་ཁུ་ཚུར་ཡོང་ནས་ཤ་དེ་རྣམས་རང་གི་ནང་དུ་དབོར་ཕྱིན་པ་རེད།