རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-18   རྩོམ་ཁུངས།    མི་དམངས་དྲ་བ།
དགུན་ཁ་ཤར་བ་དང་བསྟུན་ཏེ་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་གནས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆེན་རྫོང་དུ་ཁ་བ་བབས་ནས་ས་གཞི་ཡོངས་སྐྱ་ཆིལ་ཆིལ་དུ་གྱུར། བདག་ཏུ་མ་བཟུང་བའི་སྲོག་ཆགས་རྣམས་ཁ་བས་གཏུམས་པའི་རི་སྒང་ནས་རི་གཤམ་དུ་ལྟོ་ཆས་འཚོལ་བར་སླེབས།
“བྲག་རིའི་རྒྱལ་པོ”ཞེས་གྲགས་ཤིང་། དུས་རྒྱུན་རི་རྩེ་དང་བྲག་རི་གཡང་གཟར་དུ་འཚོ་བཞིན་པའི་གནའ་བ་ཡང་རི་གཤམ་དུ་བབས་ཡོད། གསར་འགོད་པའི་རླངས་འཁོར་མཐོང་རྗེས་སྲོག་ཆགས་རྣམས་བར་ཐག་སྨི་ཁ་ཤས་ལས་མེད་པའི་ལམ་ཟུར་ནས་རྒྱུག་འགོ་ཚུགས་པ་དང་། སླར་ཡང་བག་ཕེབས་ངང་རྩྭ་ཆུར་རོལ།
ཉེ་བའི་ལོ་ཤས་རིང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟར་སྐུལ་འདེད་བཏང་བ་དང་བསྟུན་ནས་ས་གནས་དེ་གའི་འབྲོག་པའི་སྣོད་བཅུད་འདུ་ཤེས་ཚན་རིག་དང་མཐུན་ཡོད་ལ། འབྲོག་པ་མང་པོ་ཞིག་གིས་ཕྱུགས་འཚོ་མཚམས་བཞག་སྟེ་སྲིད་གཞུང་གི་གདན་ཞུས་སྣོད་བཅུད་བདག་སྐྱོང་བ་བྱས་ནས་རང་བྱུང་ལ་བརྩི་བཀུར་དང་སྲུང་སྐྱོང་གིས་ཕ་ཡུལ་གྱི་རི་ཆུ་སྲོག་ཆགས་དང་མཉམ་འཚོ་མཉམ་གནས་བྱས་ཡོད།
ཨ་མྱེས་རྨ་ཆེན་གངས་རི་དང་མཐའ་འཁོར་གྱི་རྨ་ཆུའི་ཆུ་འགོའི་ས་ཁོངས་སུ་གསར་འགོད་པས་ཉེ་བའི་ལོ་ཤས་རིང“དགུ་གསུམ་པའི”གྲང་ངར་ཁྲོད་གད་སྙིགས་སྒྲུག་བཞིན་པའི་སྣོད་བཅུད་བདག་སྐྱོང་བ་དང་འཕྲད་མྱོང་ཡོད་ལ། གངས་སྐྱོན་བྱུང་བའི་སྐབས་འབྲོག་པ་རྣམས་ཀྱིས་ལྟོགས་སྐོམ་མྱོང་བཞིན་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་རྩྭ་སྐྱེལ་བཞིན་པའི་རྣམ་པ་ཡང་དངོས་སུ་མཐོང་མྱོང་ཡོད།
སྲིད་གཞུང་དང་འབྲོག་པ་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་འོག་ས་གནས་དེ་གའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཉིན་རེ་བཞིན་མང་དུ་འགྲོ་བཞིན་ཡོད་ལ། 2017ལོའི་ཚུན་དུ། ཚན་རིག་ཞིབ་འཇུག་མི་སྣས་ཨ་མྱེས་རྨ་ཆེན་གྱི་མཐའ་འཁོར་དུ་སྔ་རྗེས་སུ་དེ་སྔོན་མཐོང་དཀོན་པའི་སྲོག་ཆགས་སྣ་ཁ10ཙམ་མཐོང་བ་དང་། གསའ་མ་གཟིག་གི་པར་བརྒྱ་ལྷག་ཙམ་བརྒྱབ་ཡོད།
གསར་འགོད་པ་ཨ་མྱེས་རྨ་ཆེན་གངས་རིར་སྐྱོད་རིང་ས་མཐོའི་དཀོན་ཅིང་རྩ་ཆེ་བའི་སྲོག་ཆགས་རིགས་མང་པོ་ཞིག་པར་བླངས་ཡོད་པ་དང་། ཉིན་གཅིག་ལ་ཁྱུ་དང་ཁྱུ་བྱས་པའི་གནའ་བ་དང་། ཤ་བ་སེར་ཆེན་སོགས་རི་དྭགས་དང་། དེ་བཞིན་ཝ་མོ་སོགས་སྲོག་ཆགས་ལ་པར་བརྒྱབ་ཡོད་པ་རེད།