རྒྱལ་ཁབ་རིམ་པའི་སྐོར་བྲོ་རྒྱུན་འཛིན་པ་རྟ་མགྲིན་ཆོས་འཕེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

རྟ་མགྲིན་ཆོས་འཕེལ་ནི་1933ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་ནས་སྐྱེས་པ་དང་།2002ལོར་ཡུན་ནན་ཞིང་ཆེན་རིག་གནས་ཐིང་དང་།ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་ཡུན་ནན་ཞིང་ཆེན་དམངས་ཁྲོད་ཞབས་བྲོའི་དགེ་རྒན་གྱི་མིང་བསྩལ་བ།2008ལོའི་ཟླ1པོར།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་སྐོར་བྲོའི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་ཞེས་པའི་མིང་བསྩལ་པ།2016ལོར་ཡུན་ནན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་ཡུན་ནན་ཞིང་ཆེན་གྱི་མི་རིགས་ཀྱི་དམངས་ཁྲོད་སྲོལ་རྒྱུན་རིག་གནས་ཀྱི་ཤེས་ལྡན་པ་ཕུལ་བྱུང་བརྒྱའི་མིང་བསྩལ་བ་རེད།

  བདེ་ཆེན་བོད་རིགས་ཀྱི་སྐོར་བྲོ་ལ་སྒོར་གཞས་དང་། ཞབས་བྲོ། ཚིག་བཅས་ཕུན་སུམ་ཚོགས་པོ་ཡོད་པ་རེད།དགའ་སྟོན་དང་ཁང་སྟོན།གཉེན་སྟོན་སོགས་དུས་ཆེན་གང་ཞིག་ཡིན་རུང་རྒན་དར་གཞོན་གསུམ་གྱིས་མཉམ་དུ་འཛོམས་ནས་དགའ་བའི་སྐོར་བྲོ་འཁྲབ་སྟེ་དགའ་སྟོན་རྟེན་འབྲེལ་ཞུས་པ་རེད།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གཏེར་མ་རོང་ནི་གཏེར་མ་རོང་གྲོག་རོང་གི་འཕྲེད་བཅད་ས་རིམ་དུ་གནས་པ་དང་། ཉེན་ཁ་ཆེ་བའི་རི་རྩེ་མང་ཞིང་། འགྲིམ་འགྲུལ་འགག་པ། གནས་འདིར་སྡོད་པའི་གྲོང་མི་ནི་མི་རབས་ནས་མི་རབས་བར་སྡོད་པའི་བོད་རིགས་ཤ་སྟག་ཡིན་པས་གཏེར་མ་རོང་ཤང་གིས་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཇི་མ་ཇི་བཞིན་རྒྱུན་འཛིན་བྱེད་ཀྱི་ཡོད་པ་དང་།དེའི་ནང་གཏེར་མ་རོང་གི་སྐོར་བྲོ་དང་།གཏེར་མ་རོང་གི་གཉེན་སྟོན།གཏེར་མ་རོང་གི་གྱོན་གོས་སོགས་རྒྱུན་འཛིན་བྱས་པ་ཧ་ཅང་བཟང་།

 རྟ་མགྲིན་ཆོས་འཕེལ་གྱི་ཨ་མྱེས་དང་ཨ་ཕྱི་གཉིས་ནི་སྡེ་བའི་ནང་སྐད་གྲགས་ཡོད་པའི་སྐོར་བྲོ་འཁྲབ་མཁན་དང་ཡུལ་སྲོལ་གུས་ལུགས་ཀྱི་གཙོ་སྐྱོང་བ་ཡིན་པས་གྲོང་ཚོའི་ནང་ལོ་གསར་དང་ཡང་ན་བཀྲ་ཤིས་དགའ་སྟོན་གྱི་ཆོ་ག་སྒྲུབ་པ།ཁང་པ་གསར་པ་རྒྱག་སྐབས་མཚན་གང་སྐོར་བྲོ་འཁྲབ་ཀྱི་ཡོད།རྟ་མགྲིན་ཆོས་འཕེལ་ནི་འདི་ལྟ་བའི་ཁོར་ཡུག་ཁྲོད་ནར་སོན་པས།ཆུང་དུས་ནས་སྐོར་བྲོ་འཁྲབ་པར་དགའ་བ་དང་།ལོ་ན་15ནས་བཟུང་རྒན་རབས་ཚོའི་མདུན་ནས་སྐོར་བྲོ་སྦྱང་ནས་ལོ80བར་སྐོར་བྲོ་འཁྲབ་པ་རེད།

རྟ་མགྲིན་ཆོས་འཕེལ་གྱིས་གཏེར་མ་རོང་སྐོར་བྲོའི་ནང་དོན་དང་གར་ཉམས་ཀྱི་ཁྱད་ཆོས་ཚང་མ་ཁོང་དུ་ཆུད་པ་དང་བོད་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་གུས་སྲོལ་ལ་གོམས་ནས་རིམ་བཞིན་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་སྐོར་བྲོ་གྲུབ་པ་རེད།   ཁོང་གིས་རོལ་དབྱངས་ཀྱི་འགྱུར་ཁུག་བཞི་བཅུ་ལྷག་ཙམ་གཏོང་ཐུབ་པ་དང་། བྱ་གླག་གི་གླིང་བུ་གཏོང་ཐུབ་པ། འབོད་ཚིག་དང་བསྟོད་ཚིག་ཤོད་ཐུབ་པ། གཉེན་སྒྲིག་དང་། དུར་འཇུག ཆོད་འབུལ་སོགས་ཀྱི་གུས་ལུགས་ཀྱི་གོམས་སྲོལ་སྐྱོང་ཐུབ་པས་གྲོང་ཚོའི་ནང་གི་སྤྱོད་གྲགས་གཉིས་ལྡན་གྱི་སྒྱུ་རྩལ་པ་རྒན་གྲས་ཤིག་རེད།

འཁྲབ་སྟོན་བྱེད་ཐེངས་རེར་གླུ་ཚིག་དེ་དག་ཐེངས་སྟོང་ཕྲག་དུ་མ་བླངས་ཀྱང་ཁོས་བྲེལ་འཚུབ་མི་བྱེད་ར་བཞིན་གསོན་ཉམས་ལྡན་པའི་སྒོ་ནས་བླངས། ཞབས་བྲོའི་སྟངས་སྟབས་ཀྱིས་ལམ་ཐག་ཇི་ཙམ་སོང་ཡོད་མེད་མི་ཤེས་མོད། འོན་ཀྱང་ཁོང་ནི་སྔར་བཞིན་ཉམས་དོད་ལ་སྤྲོ་སེམས་འཁོལ་བའི་སྒོ་ནས་འཁྲབ་པ་རེད། ན་གཞོན་དར་མ་མང་པོ་ཞིག་དགེ་རྒན་ལ་བསྟེན་ནས་ལག་རྩལ་སྦྱོང་བར་ཡོང་གི་ཡོད་པ་དང་ཁོང་གིས་རྟག་ཏུ་སེམས་རྩ་འཁོལ་པོས་སྣེ་ལེན་ཞུས་ནས་བློ་རྩེ་གཅིག་སྒྲིམ་ངང་ཁྲིད་བཞིན་ཡོད།ད་ལྟ་བཀྲ་ཤིས་ཕུན་ཚོགས་དང་རྡོ་རྗེ་ཕུན་ཚོགས་སོགས་གཏེར་མ་རོང་དང་རྒྱལ་ཐང་སོགས་ཀྱི་དགེ་ཕྲུག་བཅུ་ལྷག་ཡོད་པ་རེད།

ད་ལྟ་ལོ་ན་84སོན་པའི་རྟ་མགྲིན་ཆོས་འཕེལ་ནི་ལོ་ན་མཐོ་ཞིང་ནད་མང་པོ་ཕོག་ནས་སྐོར་བྲོ་འཁྲབ་སྐབས་དཀའ་ལས་ཆེ་ཙམ་རྒྱག་གི་ཡོད་པ་དང་།དེ་སྔོན་ལྟར་མཚན་གང་པོར་སྐོར་བྲོ་འཁྲབ་མི་ཐུབ་མོད།འོན་ཀྱང་སྡེ་བའི་ནང་དུ་སྐོར་བྲོའི་འདུ་ཚོགས་ཡོད་སྐབས་ཁོང་གིས་ཡུལ་དངོས་སུ་སོང་ནས་དགའ་སྤྲོའི་དཔལ་ལ་རོལ་རྒྱུར་དགའ་བ་རེད།