རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-28   རྩོམ་ཁུངས།    མི་དམངས་དྲ་བ།
གསར་འགོད་པས་ཟླ11ཚེས25ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བྲག་འགོ་རྫོང་ཨུ་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྫོང་དེའི་སྲིབ་མོ་གྲོང་རྡལ་ངར་མེ་གྲོང་ཚོའི་ཁོངས་ནས་ལོ་ངོ་ཁྲི10ལྷག་ཙམ་སོན་པའི་རྡོ་བཟོས་སྟ་རེ་ཞིག་གསར་རྙེད་བྱུང་།
བྲག་འགོ་ནི་ཕྱག་རུ་ཆུའི་རྒྱུག་ཁུལ་དུ་གནས་པ་དང་གནའ་སྔ་མོ་ནས་བཟུང་འཚོ་གནས་ལ་འཚམ་པའི་ཡུལ་ཞིག་རེད། བྲག་འགོ་ནས་སྔ་རྗེས་སུ་ལོ་ཁྲི5ཡིན་པའི་གནའ་མིའི་འགྱུར་རྡོ་དང་། ལོ་ཁྲི1.2ཡིན་པའི་རྡོ་ཆས་གསར་མའི་གནའ་ཤུལ། དེ་བཞིན་ལོ་ངོ་སྟོང་ཕྲག་དུ་མ་ལོན་པའི་རྡོའི་པུར་སྒམ་གྱི་བང་སོ་བཅས་གསར་རྙེད་བྱུང་།
2019ལོའི་ཟླ4པར་སི་ཁྲོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཁང་གིས་སི་ཁྲོན་ནུབ་རྒྱུད་ས་མཐོར་རྡོ་ཆས་རྙིང་མའི་དུས་སྐབས་ཀྱི་གནའ་རྫས་རྟོག་ཞིབ་བརྟག་དཔྱད་བྱེད་རིང་བྲག་འགོ་རྫོང་ཁོངས་སུ་རྡོ་ཆས་རྙིང་པའི་ས་ཚིགས6རྙེད་པ་དང་། དེའི་ནང་སྲིབ་མོ་གྲོང་རྡལ་ངར་མེ་གྲོང་ཚོ་དང་དེ་བཞིན་ཉི་མོ་ཤང་བྲག་མདའ་གྲོང་ཚོའི་ལས་སྟ་རེ་ཞིག་གསར་རྙེད་བྱུང་།
2019ལོའི་ཟླ8པར། སི་ཁྲོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཁང་གིས་པེ་ཅིང་སློབ་ཆེན་གྱི་གྲོང་ཁྱེར་དང་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེན་མོ་ཀྲང་ཅ་ཧྥུའུ་ཡི་ཚོགས་པ་གདན་དྲངས་ནས་ས་དེ་གའི་རྡོ་ཆས་རྙིང་པའི་ས་ཚིགས་ཁག་ཅིག་ལས་གནའ་བོའི་དུས་དང་ཡུལ་ལ་དབྱེ་ཞིབ་བྱས་ཏེ་སྟ་རེ་གཉིས་ལ་མུ་མཐུད་དབྱེ་ཞིབ་བྱ་དགོས་པའི་ངོས་འཛིན་བྱས།
2019ལོའི་ཟླ10པར་སི་ཁྲོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཁང་གིས་སླར་ཡང་བྲག་འགོ་རུ་གནའ་རྫས་རྟོག་ཞིབ་བརྟག་དཔྱད་བྱེད་པར་བསྐྱོད་དེ་སྟ་རེ་གནས་པའི་ས་ཚིགས་གཉིས་ཀྱི་རིག་གནས་ཀྱི་ནང་དོན་འཚོལ་ཞིབ་བྱེད་པ་དང་སྦྲགས་ཐེངས་རྗེས་མའི་སྔོག་འདོན་ལས་དོན་ལ་གྲ་སྒྲིག་ལེགས་པོ་བྱ་ཆེད་སླར་ཡང་བརྟག་དཔྱད་གཏིང་ཟབ་བྱ་རྩིས་ཡོད་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། བྲག་འགོ་རྫོང་ཁོངས་ནས་རྙེད་པའི་སྟ་རེ་ནི་མིག་སྔར་ས་རིམ་ཟིན་ཐོ་ཡོད་པའི་སྟ་རེ་དག་ལས་ས་བབ་མཐོ་ཤོས་དེ་ཡིན་པ་དང་། ད་ཐེངས་སྟ་རེ་སྔོག་འཚོལ་བྱས་པ་དེས་མཚོ་བོད་ས་མཐོར་མིའི་རིགས་གནས་སྤོ་དང་བརྗེ་རེས། མི་དང་ས་ཆའི་བར་གྱི་འབྲེལ་བར་རིམ་འགྱུར་བྱུང་སྟངས་སོགས་ལ་གོ་བ་གསར་པ་ལེན་པར་གལ་ཆེའི་རིག་གཞུང་དོན་སྙིང་ལྡན་པ་རེད།