རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-10   རྩོམ་ཁུངས།    བོད་ཀྱི་ཡུལ་སྲོལ་གོམས་གཤིས་100
བོད་ཀྱི་ལོ་རྒྱུས་དེབ་ཐེར་ལ་གཞིགས་ན་སྔར་གྱི་དུས་སུ་བོད་མིར་རུས་མིང་ཡོད་པ་མ་ཚད། དེ་ལའང་རིགས་སུ་ཕྱེ་ན། ཁག་བཅོ་བརྒྱད་ཙམ་ཡོད་སྐད་འདུག བོད་ཡུལ་ལ་སངས་རྒྱས་ཆོས་ལུགས་དར་བའི་རྗེས་བོད་མིའི་ནང་རུས་མིང་ལ་མཐོང་ཇེ་ཆུང་དུ་ཕྱིན་ཏེ་རིམ་བཞིན་རུས་མིང་མེད་པ་ཆགས་ནས། ཕྲུ་གུའི་མིང་བླ་མའི་དྲུང་ནས་ཞུ་བའི་སྲོལ་དར་ཞིང་། བླ་མས་མིང་ཞུའི་ཕྲུ་གུར་བཀྲ་ཤིས་པའི་དོན་དང་ལྡན་པའི་མིང་། དེ་མིན་ཕ་མ་གཉིས་ཀྱི་མིང་གི་ཟུར་སྦྱར་བ་སོགས་ཀྱི་ཐོག་ནས་མིང་འདོགས་པའི་ལམ་སྲོལ་དར་བ་རེད། དཔེར་ན་བཀྲ་ཤིས་དོན་གྲུབ་དང་། ཚུལ་ཁྲིམས་ཆོས་འཕེལ། བསྟན་འཛིན་མཁས་གྲུབ་ལྟ་བུ་དང་། ཡང་ན་ཕ་མིང་བསོད་ནམས་ཚེ་རིང་ཡིན་ན་དེའི་བུ་ལ་བསོད་ནམས་དོན་གྲུབ་ཅེས་འདོགས་པ་ལྟ་བུ་རེད། དེ་མིན་མང་ཚོགས་ནང་ཕྲུ་གུ་རེས་གཟའ་གང་སྐྱེས་ལྟར་དེ་འབྲེལ་གྱི་མི་འདོགས་པ་དཔེར་ན། ཉི་མ། ཟླ་བ། ཕུར་བུ་སོགས་མང་པོ་ཞིག་ཡོད། ཡང་འགའ་རེས་ཚེས་གྲངས་གང་ལ་སྐྱེས་པ་ལྟར་མིང་འདོགས་སྲོལ་ཡོད་པ་ནི། དཔེར་ན་བཅོ་ལྔ་ཚེ་རིང་དང་ཚེས་བརྒྱད་ཆོས་གསུམ་ལ་སོགས་ལྟ་བུ། རབ་ཏུ་བྱུང་རྗེས་ངེས་པར་དུ་ཆོས་མིང་འདོགས་ཀྱི་རེད། དཔེར་ན་ཆོས་ལ་མ་ཞུགས་གོང་བཀྲ་ཤིས་ཅེས་འབོད་པར་རབ་ཏུ་བྱུང་རྗེས་བློ་བཟང་བཀྲ་ཤིས་ཞེས་འདོགས་སྲོལ་ཡོད། དེ་མིན་བོད་མིའི་མིང་འདྲ་མཚུངས་མང་པོ་ཡོད་པར་བརྟེན་མིང་མི་ནོར་བའི་ཆེད་འབོད་སྲོལ་འགའ་ཞིག་ཡོད་པ་སྟེ། ལ་ལས་ཁྱིམ་མིང་དང་སྦྱར་ནས་འབོད་ཀྱི་ཡོད་པ། དཔེར་ན་གྲོང་ཟུར་ཕུན་ཚོགས། བདེ་ཁང་དོན་གྲུབ་ལྟ་བུ་དང་། ཡང་ལ་ལས་ཡུལ་གྱི་མིང་དང་སྦྱར་ནས་འབོད་སྲོལ་ཡོད་པ་སྟེ། པ་སྣམ་དངོས་གྲུབ། ཁང་དམར་ཡེ་ཤེས་སོགས་དང་། ཡང་ལ་ལས་ཆེ་འབྲིང་ཆུང་གསུམ་ལ་དབྱེ་ནས་འབོད་སྲོལ་ཡོད་པ་ནི། ལྷག་པ་རྒན་པ། ལྷག་པ་འབྲིང་བ། ལྷག་པ་ཆུང་བ་ལྟ་བུ་དང་། ད་དུང་ཕོ་མོ་སོར་སོར་མིང་མི་འདྲ་བ་ཡོད་ཀྱང་ལ་ལ་གཉིས་འཇུག་གི་མིང་ཡོད་སྟབས་ཕོ་མོའི་དབྱེ་བ་སྦྱར་ཏེ་འབོད་སྲོལ་ཡོད་པ། དཔེར་ན་བུ་ཚེ་བརྟན། བུ་མོ་ཚེ་བརྟན་ཟེར་བ་ལྟ་བུ།
བོད་མིའི་མིང་འདོགས་སྟངས་ལ་ཁྱད་ཆོས་ཆེན་པོ་ཞིག་ཡོད་པ་སྟེ། མིང་གི་ཐོག་ནས་རིམ་གྲས་མཐོ་དམའ་དང་ཡུལ་ལུང་གང་གི་མི་ཡིན་མིན་གསལ་པོར་རྟོགས་ཐུབ། དེའང་ཡིག་འབྲུ་བཞི་ཡན་ལས་གྲུབ་པའི་མཚན་སྙན། བློ་བཟང་ཆོས་ཀྱི་ཉི་མ་དཔལ་བཟང་པོ་ཞེས་པ་ལྟ་བུ་ཡིན་ན་བླ་སྤྲུལ་ཡིན་པ་གསལ་པོར་རྟོགས་ཐུབ་པ་དང་། འཇིགས་མེད་དབང་ཕྱུག ཆོས་རྒྱལ་ཉི་མ། ཐུབ་བསྟན་ཉི་མ་ཟེར་བ་སོགས་ནི་སྤྱིར་བཏང་བྱས་ན་སྐུ་དྲག་གི་མིང་ཡིན་པ་ཤེས་ཐུབ། ཉི་མ། ཟླ་བ། ཕུར་བུ་སོགས་ནི་མི་སེར་དཀྱུས་མའི་མིང་ཡིན་པ་གསལ་པོ་རེད། ཆོག་པ། ཕུར་ཚིང་། ཕན་ཐོགས། ལྷག་ཚིང་སོགས་ནི་གཙང་གི་མི་ཡིན་པ་ཤེས་ཐུབ། ཡར་འཕེལ། དབང་མོ། དགྲ་ལྷ་ལྟ་བུ་ནི་ཐོས་པ་ཙམ་གྱི་མདོ་ཁམས་ཕྱོགས་ཀྱི་མི་ཡིན་པ་ཤེས་ཐུབ། ད་དུང་འགའ་ཤས་ཀྱིས་སྐྱེ་སྒོ་བཀག་ཆེད་ཕྲུ་གུའི་མིང་ལ་མཚམས་གཅོད་དང་ཆོག་པ། ཆུང་བདག་སོགས་ཀྱི་མིང་འདོགས་སྲོལ་ཡོད། ཡང་འགའ་ཤས་ལ་ཕྲུ་གུ་བུ་མོ་མ་གཏོགས་བུ་མེད་ན། བུ་ཞིག་བྱུང་ན་སྙམ་པའི་རེ་བ་མཚོན་ཆེད་བུ་འཁྲིད་ཅེས་འདོགས་སྲོལ་ཡོད། ཕྲུ་གུ་མང་པོ་སྐྱེད་ཀྱང་འདས་གྲོང་དུ་ཕྱིན་ཚེ་ཕྲུ་གུ་འཚོ་སྡོད་ཡོང་ཕྱིར་སྐྱེས་མ་ཐག་རྫ་མའི་ནང་བླུག་ཙམ་བྱས་ནས་མིང་ལ་རྫ་སྐྱེས་ཞེས་འདོགས་པ་དང་། ཡང་ན་ཕག་སྐྱག་གམ་ཁྱི་སྐྱག་ཅེས་བཏགས་ནས་མིང་གི་ཐོག་ནས་ཚེ་ཡི་གནོད་པ་བཟློག་པའི་ཐབས་ལམ་མཚོན་པར་བྱེད་སྲོལ་ཡོད་པ་རེད།