རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-13   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།
མགོ་བོའི་གཞོགས་ཕྱེད་ན་བ་དེ་བུ་མོ་གཞོན་ནུ་མ་རྣམས་ཀྱི་རྒྱུན་མཐོང་གི་ནད་རིགས་ཤིག་རེད། དེའི་མངོན་རྟགས་གཙོ་བོ་ནི་ལྡང་བའི་དུས་དང་ལྕི་བའི་དུས། འཕར་འགུལ་རང་བཞིན་གྱི་མགོ་ན་བ་བཅས་ཡིན་ལ། ནམ་རྒྱུན་གཞོགས་ཕྱེད་དམ་གཞོགས་གཉིས་ཀ་ན་བ་ཡིན་ལ། སྤྱིར་བཏང་དུ་དུས་ཚོད་བཞི་ནས་དུས་ཚོད་དོན་གཉིས་རིང་ན་བར་མ་ཟད། དེ་དང་བསྡོངས་ནས་སྐྱུགས་མེར་ལངས་པ་དང་སྐྱུགས་པ། རྔུལ་ཆུ་བཞུར་བ། ལུས་ཡོངས་མི་བདེ་བ། མགོ་བོའི་སྐྱི་པགས་ན་བ་བཅས་ཀྱི་རྟགས་འབྱུང་སྲིད། སྒྲ་དང་འོད་སོགས་ཉིན་རྒྱུན་གྱི་བྱ་འགུལ་སྣ་ཚོགས་ཀྱི་ཕོག་ཐུག་ཐེབས་པ་ལས་མགོ་ལྷག་ཏུ་ན་བ་རེད། ལྷིང་འཇགས་ཀྱི་ཁོར་ཡུག་ཏུ་ངལ་གསོ་ལེགས་པོ་བྱས་ན་ཇེ་བདེར་ཡོང་སྲིད། མགོ་བོའི་གཞོགས་ཕྱེད་ན་བའི་རྒྱུ་རྐྱེན་གསལ་བོར་མི་ཤེས་མོད། དེ་ཁྱིམ་རྒྱུད་དང་ཁོར་ཡུག བཟའ་བཏུང་། ནང་གི་ཟགས་ཐོན། བསམ་བློ་བཅས་དང་འབྲེལ་བ་དམ་པོ་ཡོད་ཅིང་། འོ་སྤྲིས་དང་ཁྲོག་ལེ། རྒུན་འབྲུམ་ཆང་། ཚ་ལུ་མ་བཅས་སམ་ཡང་ན་སེམས་འཚབ་པ་དང་སེམས་སྡུག་པ།ཐང་ཆད་པ་སོགས་ལས་ཀྱང་ནད་དེ་སློང་སྲིད་པ་རེད། མགོ་བོའི་གཞོགས་ཕྱེད་ན་བ་ཕལ་ཆེ་བ་ལང་ཚོའི་དུས་སྐབས་སུ་འབྱུང་ལ། བུ་མོ་གཞོན་ནུ་མར་འབྱུང་ཚད་དེ་སྐྱེས་པ་ལས་ལྡབ་གཉིས་ནས་གསུམ་ཙམ་གྱིས་མཐོ། དེ་ལས་གཞན་བུད་མེད་རྣམས་ལ་ཟླ་མཚན་འབབ་ཁ་དང་ཟླ་མཚན་འབབ་སྐབས་འབྱུང་ལ། རྒས་རྟགས་མངོན་པའི་དུས་ཏེ་ཟླ་མཚན་ཆད་རྗེས་རིམ་གྱིས་ཇེ་ཡང་དང་མེད་པར་འགྱུར་འགྲོ།
མགོ་བོའི་གཞོགས་ཕྱེད་ན་བའི་ནད་པ་མང་ཆེ་བས་ན་བའི་སྐབས་སུ་གསོ་བཅོས་བྱེད་པ་དང་ན་ཟུག་བཞག་རྗེས་ཁ་ཡ་བྱེད་ཀྱིན་མེད་པའམ་ཡང་ན་ན་ཟུག་ཆེ་བའི་སྐབས་སུ་ན་ཟུག་གཅོག་བྱེད་ཀྱི་སྨན་འཐུང་བཞིན་པ་ཚང་མས་གསོ་བཅོས་ཀྱི་གོ་སྐབས་ལེགས་པོ་འཆོར་དུ་འཇུག་བཞིན་ཡོད། མིག་སྔར་ནུབ་ལུགས་གསོ་རིག་གིས་མགོ་བོའི་གཞོགས་ཕྱེད་ན་བར་སྨན་རྫས་ལ་བརྟེན་བཞིན་ཡོད་དེ། དཔེར་ན་ཟུག་འཇོམས་སྨན་དང་ལྷོད་འཇགས་སྨན་གཙོར་འཛིན་བཞིན་ཡོད། དེ་ལྟར་གསོ་བཅོས་བྱས་ན་ན་ཟུག་དེ་མ་ཐག་མེད་པར་གཏོང་ཐུབ་མོད། དེར་ཞོར་སྐྱོན་ཆེ་བར་མ་ཟད་གསོ་བཅོས་ཀྱི་གོ་སྐབས་ལེགས་པོ་འཆོར་དུ་འཇུག་སྲིད། དེ་བས་སྨན་རྫས་ཀྱིས་གསོ་བཅོས་བྱེད་སྐབས་དེའི་ཞོར་སྐྱོན་དང་འཛེམ་བྱའི་སྐོར་ལ་ལྷག་ཏུ་མཉམ་འཇོག་དགོས་ཏེ། དཔེར་ན་མགོ་བོའི་གཞོགས་ཕྱེད་ན་བའི་ནད་པ་དེར་ད་དུང་འཇུ་ལམ་ནས་ཁྲག་བརྡོལ་མྱོང་བའི་གནས་ཚུལ་ཡོད་ཚེ། སྨན་རྫས་ཨ་སི་ཕི་ལེན( 阿司匹林)དང) པུའུ་ལུའུ་ཧྥུན(布洛芬)སོགས་འཇུ་ལམ་ལ་གནོད་པའི་སྨན་རྫས་གཏན་ནས་འཐུང་མི་རུང་།
སྐམ་ཁབ་འཛེར་བ་ནི་མགོ་བོའི་གཞོགས་ཕྱེད་ན་བ་གསོ་བཅོས་བྱེད་པའི་ཕན་ནུས་ལྡན་པའི་བཅོ་ཐབས་ཤིག་ཡིན་ལ། སྐམ་ཁབ་ཀྱིས་ན་ཟུག་གཅོག་པ་དེ་རྒྱལ་སྤྱིའི་ཐོག་ཁས་ལེན་ཐོབ་ཡོད་པ་དང། སྐམ་ཁབ་ལ་མགོ་བོའི་གཞོགས་ཕྱེད་ན་བར་སྔོན་འགོག་གི་ནུས་པ་དང་གསོ་བཅོས་ཀྱི་ནུས་པ་ཆེན་པོ་ཡོད་པར་མ་ཟད། དེར་ཞོར་སྐྱོན་མེད་ཅིང་ཕན་ནུས་མྱུར་བའི་དགེ་མཚན་ལྡན།