རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-20   རྩོམ་ཁུངས།    མི་དམངས་དྲ་བ།
ཟླ་12ཚེས་18ཉིན། རྒྱ་བོད་སྐད་གཉིས་གཏུག་བཤེར་བཅའ་ཁྲིམས་ཚིག་མཛོད། དམངས་དོན་གཏུག་བཤེར་བཅའ་ཁྲིམས་སྐོར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་དངོས་སུ་འགྲེམས་སྤེལ་བྱས་པ་དང་། ཚིག་མཛོད་དེ་འགྲེམས་སྤེལ་བྱས་པ་ལས་བོད་ཡིག་གི་གཏུག་བཤེར་བཅའ་ཁྲིམས་སྐོར་གྱི་ཤེས་བྱའི་དཔེ་དེབ་ཀྱི་སྟོང་ཆ་བསྐངས་ཡོད།
མི་དམངས་ཁྲིམས་ཁང་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ལིན་ཀྲི་ནུང་གིས་ངོ་སྤྲོད་བྱས་དོན། རྒྱ་བོད་སྐད་གཉིས་གཏུག་བཤེར་བཅའ་ཁྲིམས་ཚིག་མཛོད། དམངས་དོན་གཏུག་བཤེར་བཅའ་ཁྲིམས་སྐོར་ནི་རྒྱ་བོད་སྐད་གཉིས་ཁྲིམས་ལུགས་ཆེད་ལས་ཀྱི་དཔེ་དེབ་ཞིག་ཡིན་ཞིང་། དེབ་དེའི་ནང་དུ་ཉེས་དོན་དང་དམངས་དོན། སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས་བཅས་ཀྱི་ཁྱབ་ཁོངས་ཀྱི་ཁྲིམས་ལུགས་ཐ་སྙད་4000ལྷག་འདུས་ཡོད་ཅིང་། འགྲེལ་བཤད་དབང་གྲགས་ལྡན་པ་དང་། མ་ལག་ཆ་ཚང་བ། ཡིག་སྒྱུར་ཡང་དག་པ་བཅས་ཡིན་ཟེར།
“རྒྱ་བོད་སྐད་གཉིས་གཏུག་བཤེར་བཅའ་ཁྲིམས་ཚིག་མཛོད། དམངས་དོན་གཏུག་བཤེར་བཅའ་ཁྲིམས་སྐོར་གྱིས་ཁྲིམས་འཛིན་གཏུག་བཤེར་ལྷུ་ཚིགས་ཀྱི་སྐད་ཆའི་སྤེལ་རེས་ཀྱི་འགོག་རྐྱེན་སེལ་བ་དང་། བོད་རྒྱད་སྐད་གཉིས་ཁྲིམས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་ཇེ་མགྱོགས་སུ་གཏོང་བ། བོད་ཁུལ་དུ་བཅའ་ཁྲིམས་ཁྱབ་བསྒྲགས་སློབ་གསོ་སྐུལ་འདེད་བྱེད་པ། བོད་ཁུལ་མང་ཚོགས་ཀྱིས་སྔ་བས་བཅའ་ཁྲིམས་ལ་གཞིགས་ནས་ཁེ་དབང་སྲུང་བ་བཅས་ལ་ཕན་ནུས་གལ་ཆེན་ལྡན་ཡོད།”ཅེས་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན་ཁྲེན་མིང་གོ་ཡིས་བརྗོད།
ཁྲེན་མིང་གོ་ཡིས། མ་འོངས་པར་མཚོ་སྔོན་གྱིས་རྒྱ་བོད་སྐད་གཉིས་ཀྱི་ཁྲིམས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ནུས་ཚད་ཇེ་ཆེར་བཏང་ནས། སྐད་གཉིས་གཏུག་བཤེར་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ཁྱོན་ཡོངས་སུ་སྐད་གཉིས་ཁྲིམས་སའི་འདྲི་གཅོད་དང་། སྐད་གཉིས་ཡིག་ཆ་སོགས་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས། མ་འོངས་པར་རླངས་འཁོར་ཐོག་གི་ཁྲིམས་ར་དང་། སྦྲ་ནང་གི་ཁྲིམས་ར་སོགས་སྐོར་སྐྱོད་འདྲི་གཅོད་རྒྱུན་ལྡན་ཅན་དུ་གཏོང་བ་དང་། གྲངས་ཉུང་མི་རིགས་མང་ཚོགས་ཀྱི་གཏུག་བཤེར་ཁེ་དབང་སྔར་བས་སྲུང་སྐྱོང་ཡག་པོ་བྱེད་པ་དང་། མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་ཚང་མའི་ནང་འདྲ་མཉམ་དྲང་བདེན་ཐོབ་ཐུབ་པར་འབད་པ་བྱེད་རྒྱུ་ཡིན་ཟེར།
རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་སྲིད་ཇུས་སྒྲིག་ཁྲིམས་སྲོལ་སིའི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཧྲེང་ལིང་གིས། རང་རྒྱལ་གྱིས་མུ་མཐུད་དུ་གྲངས་ཉུང་མི་རིགས་ཀྱི་སྐད་དང་རྒྱ་སྐད་སྐད་གཉིས་ཁྲིམས་ལུགས་གྲངས་གཞི་ཅན་གྱི་ཐོན་རྫས་གསར་འབྱེད་བྱ་རྒྱུ་དང་། སྔར་བས་གསར་ཤོས་དང་སྔར་བས་ཆ་ཚང་བ། སྔར་བས་སྤྱོད་སྒོ་ཆེ་བ། སྔར་བས་སྟབས་བདེ་བའི་གྲངས་ཉུང་མི་རིགས་དང་རྒྱ་སྐད་སྐད་གཉིས་ཕྱོགས་བསྡུས་ཁྲིམས་ལུགས་ཀྱི་ཤེས་བྱའི་ཞབས་ཞུ་སྤྱི་སྟེགས་གསར་སྐྲུན་བྱ་རྒྱུ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་ཁྲིམས་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ་ཡིན་པ་བསྟན།
ངོ་སྤྲོད་བྱས་པར་གཞིགས་ན། རྒྱ་བོད་སྐད་གཉིས་གཏུག་བཤེར་བཅའ་ཁྲིམས་ཚིག་མཛོད། དམངས་དོན་གཏུག་བཤེར་བཅའ་ཁྲིམས་སྐོར་ནི་“སྐད་གཉིས་ལས་གྲྭ”ཡི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཡིན། “སྐད་གཉིས་ལས་གྲྭ”ནི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་མི་རིགས་ལས་དོན་ཐད་ཀྱི་ཏང་ཀྲུང་དབྱང་གི་ཆོད་དོན་བཀོད་སྒྲིག་གལ་ཆེན་ལ་གཞིགས་ནས། མི་རིགས་ས་ཁུལ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་དགོས་མཁོ་སྐོང་བ་དང་། མི་རིགས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཕེལ་རྒྱས་ལ་ སྐུལ་འདེད་ཤུགས་ཆེན་གཏོང་བའི་མི་རིགས་ཁྲིམས་ལུགས་རིག་གནས་ཀྱི་ལས་གྲྭ་གལ་ཆེན་ཞིག་རེད།