རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-25   རྩོམ་ཁུངས།    ེསེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སྤྱི་ཟླ་12པའི་ཚེས་24ཉིན་དགའ་ལྡན་སུམ་རྩེན་གླིང་གི་ལོ་གཅིག་དུས་གཅིག་གི་དགུ་གཏོར་འཆམ་ཆེན་གྱི་ཆོས་ལུགས་བྱེད་སྒོ་དུས་ལྟར་སྤེལ་ཞིང་། ཕྱོགས་སོ་སོ་ནས་ཡོང་བའི་དད་ལྡན་མང་ཚོགས་སྔ་མོ་ནས་དགོན་པའི་ཚོགས་ཆེན་འདུ་ཁང་གི་མདུན་དུ་འདུས་ཤིང་། ཉིན་དེའི་འཆམ་ལ་མཇལ་བར་གྲ་སྒྲིག་བྱས་པ་རེད།
སྙན་འཇེབས་ཀྱི་རྒྱ་གླིང་དང་དུང་ཆེན། རྔ། སྦུག་ཆལ་སོགས་ཀྱི་དབྱངས་རྟ་དང་མཉམ་དུ་འཆམ་ལྭ་སྣ་ཚོགས་མནབས་པའི་འཆམ་པ་བ་རྣམས་ཚོགས་ཆེན་འདུ་ཁང་ནས་རྡོ་གཅལ་ཐང་དུ་ཕེབས་དེ་དགུ་གཏོར་འཆམ་ཆེན་གྱི་འགོ་བཙུགས་ཤིང་། འགག་དང་བར་ཆད་སེལ་ནས་རྒྱལ་ཁབ་བདེ་ཞིང་འབངས་རྣམས་སྐྱིད་པའི་སྨོན་འདུན་མཚོན་པར་བྱས་པ་རེད།
དགུ་གཏོར་ནི་དགོན་སྡེ་ཁག་དང་ལྷག་པར་དུ་བོད་རྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་གིས་སྤེལ་བའི་ཆོས་ལུགས་བྱེད་སྒོ་ཞིག་ཡིན་ལ། ཆོས་ལུགས་བྱེད་སྒོ་འདི་འབག་འཆམ་གཙོ་བོ་ཡིན་ཏེ། འབག་ཆས་ལ་ཆོས་རྒྱལ་ཡབ་ཡུམ་གཉིས་དང་ཨ་ཙ་ར། ཤྭ། གཡག ཁྭ་ཏ། སྟག སྤྲེའུ་སོགས་མང་བོ་ཡོད། སྤྱིར་བཏང་དུ་དགའ་ལྡན་སུམ་རྩེན་གླིང་གིས་རྒྱ་རྩིས་ཀྱི་ཟླ་བ11་པའི་ཚེས་26་ནས་ཚེས་29་ཉིན་བར་དགུ་གཏོར་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ཏེ། ཚེས་26་ཉིན་དྲུག་འཆམ་འཆམ་ལ། ཚེས་27་དང་28་ཉིན་གཉིས་ལ་དགོན་པའི་ནང་ཞལ་འདོན་འདོན་ཞིང་། ཚེས་29་ཉིན་ནས་དགུ་འཆམ་ཆེན་མོ་དངོས་སུ་འཆམ་པ་རེད།
དགའ་ལྡན་སུམ་རྩེན་གླིང་ནི་ཡུན་ནན་ཞིང་ཆེན་གྱི་དགེ་ལུགས་པའི་དགོན་པ་ཆེ་ཤོས་ཡིན་ལ། ཁམས་ཕྱོགས་ཀྱི་དགོན་པ་གྲགས་ཅན་ཞིག་ཀྱང་ཡིན། སེམས་ཀྱི་ཉི་ཟླ་རྫོང་མཁར་གྱི་བྱང་ཕྱོགས་སུ་ཆགས་ཡོད་དེ། དགོན་པ་ཡོངས་སུ་ཁམས་ཚན་བརྒྱད་བགོས་ཡོད་ལ། དགོན་པར་ད་བར་དུ་ལོ་ངོ་300 ལྷག་གི་ལོ་རྒྱུས་ལྡན།