སྒྲུང་རིང《གངས་འདབས་ཀྱི་དུར་ཁྲོད་དང་ཤམ་བྷ་ལའི་བྱ་རྒོད》ཅེས་པ་པར་སྐྲུན་བྱེད་བཞིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-30   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

        དེང་གི་བོད་ཀྱི་རྩོམ་པ་པོ་དང་སྙན་ངག་མཁན་སྐྱབས་ཆེན་བདེ་གྲོལ་གྱིས་སྤྱི་ལོ1999ལོ་ནས2002ཀྱི་བར་བརྩམས་གནང་མཛད་ཅིང2017ལོ་ནས2018བར་ནང་དོན་འཕྲི་སྣོན་གྱིས་གསར་དུ་བཅོས་པའི་བརྩམས་སྒྲུང་རིང་མོ《གངས་འདབས་ཀྱི་དུར་ཁྲོད་དང་ཤམ་བྷ་ལའི་བྱ་རྒོད》ཅེས་པ་སི་ཁྲོན་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་ད་ལྟ་འགྲེམ་སྤེལ་གྱི་སྦྱོར་བ་དངོས་ལ་ཞུགས་ཡོད།

        བརྩམས་སྒྲུང་དེ་ནི་བོད་ཀྱི་དེང་གི་རྩོམ་སྟེགས་སུ་དེང་རབས་རིང་ལུགས་དང་དེང་རབས་ཕྱི་མའི་རིང་ལུགས་ཀྱི་རྩོམ་ཉམས་མངོན་པར་དོད་པའི་སྒྲུང་རིང་དང་པོར་ངོས་འཛིན་ཆོག་ལ་སྲོལ་རྒྱུན་གྱི་བརྩམས་སྒྲུང་ལྟར་བྱུང་རིམ་ཀྱག་ཀྱོག་ཆེ་བ་དང་མི་སྣའི་སྣང་བརྙན་གཙིགས་སུ་འཛིན་པ་ཞིག་མིན་པར་སྒྲོམ་གཞི་ལྷོད་ཅིང་ཡུལ་དུས་ཀྱི་བཀག་རྒྱ་མེད་པ་དང་། རྟོག་སྣང་དང་ཁ་མཚར་ཀུ་རེ་ཡིས་ཕྱུག་པ། ཟུར་ཟའི་རི་མོ་ལྟ་བུའི་རྩོམ་ཉམས་ལྡན་པ། མངོན་སུམ་དང་ལྷ་སྒྲུང་། རྨི་ལམ། འབྱུང་འགྱུར་གྱི་དོན་སོགས་དབྱེར་མེད་དུ་འདྲེས་པ་ཞིག་ཡིན། བརྩམས་སྒྲུང་དེ་ཉིད“སྐྱོ་སྐྱོའི་ཉིན་ཐོ”དང་། “གཏམ་རྒྱུད”“ཡུལ་ལྗོངས”“རྩོམ་པ་པོའི་ཆིག་ལབ”བཅས་ཚན་པ་བཞི་རེས་མོས་སུ་འཁོར་ཏེ་གྲུབ་པ་ཞིག་ཡིན་པས་ཚན་པ་དེ་དག་ཀློག་མཁན་གྱིས་སེམས་རྣལ་མོས་རེ་རེ་བཞིན་སྦྲེལ་མ་ཐུབ་ཚེ་རྩོམ་ཧྲིལ་བོ་ཉམས་སུ་མྱོང་བར་བར་ཆད་ཆེན་པོ་ཐེབས་ངེས་ཀྱང་སྲིད་ལ། དེ་ནི་བརྩམས་སྒྲུང་དེ་ཉིད་འཇིག་རྟེན་སྟེང་གི་བརྩམས་སྒྲུང་གཞན་དང་མི་འདྲ་བའི་ཁྱད་ཆོས་སུ་འང་གྲུབ་ཡོད་དོ།།

        རྩོམ་པ་པོ་ཁོང་རང་གིས།《གངས་འདབས་ཀྱི་དུར་ཁྲོད་དང་ཤམ་བྷ་ལའི་བྱ་རྒོད》ནི་ང་རང་གི་གཞོན་ནུའི་དུས་ཀྱི་དྲན་རིག་རྒོད་པོ་དང་སྤྱོད་པ་འཆལ་བོ་ཉིད་སྒྲུང་གི་རྣམ་པར་བྱས་པའི་མི་ཚེའི་བྱུང་བ་ཉིད་དུ་བརྗོད་ཆོག་ལ། ཞིང་གྲོང་དང་སྤང་ལྗོངས་ཀྱི་བརྗོད་བྱ་ཆུང་ངུའི་ནང་ན་གཡག་རྒན་ནད་པ་ཞིག་ལྟར་ཡོད་པའི་བོད་ཀྱི་དེང་རྩོམ་ལ་ཆེད་དུ་འགྲན་བསླང་ཕྱིར་བཟོས་པའི་འཕྲུལ་སྣང་གི་རྟེའུ་ཆུང་ཆུང་དང་ཡང་མཚུངས་པ་དང་། ཀློག་མཁན་གྱིས་རྩོམ་པ་པོའི་དགོངས་པ་ཅི་ཡིན་ཨུ་ཚུགས་ཀྱིས་འགྲེལ་མི་དགོས་པར་རྩོམ་པ་པོ་དང་མཉམ་དུ་བཀག་རྒྱ་མེད་པར་རྟོག་པའི་ཞིང་ཁམས་འགྲིམ་ཆོག་པའི་རང་དབང་གི་ཐང་ཆེན་ཞིག་དང་ཡང་འདྲ། གང་ལྟར་འདི་ནི་མིང་ལ་བརྩམས་སྒྲུང་དུ་བཏགས་ཀྱང་དོན་དུ་མི་རྣམས་ཀྱི་སེམས་ལ་ཨ་འཐས་སུ་གྲུབ་པའི་རྩོམ་ལུས་ལ་རྒོལ་བའི་འབྲི་སྟངས་གསར་པ་ཞིག་ཡིན་ཟེར།

        འདི་ནི་རྩོམ་པ་པོ་ཁོང་གིས་བརྩམས་པའི་སྒྲུང་རིང་ཐོག་མ་ཡིན་ལ། སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་དང་། ཚན་རིག་རྟོག་སྒྲུང་། བསྡུས་བརྗོད་རིང་ལུགས། འདུ་ཤེས་འཕྲོ་སྦྱོར་སྨྲ་བ་སོགས་ཀྱི་ཁྱད་ཆོས་ཀུན་ནས་ལྡན་པ་ཞིག་ཡིན་ལ་བསྟན་བཤིག་ཚ་བ་དང་། སྙན་ངག་གི་ཉམས་དང་ལྡན་པའི་ཚིག་སྦྱོར་ཕྲེང་བར་སྤེལ་པ་ཞིག་ཀྱང་ཡིན་པས་སྒྱུ་རྩལ་གྱི་བློ་སྦྱོང་ཡོད་ཅིང་། གསར་གཏོད་ཀྱི་ཐབས་རྩལ་ལ་བློ་ཁ་ཕྱོགས་པའི་ཀློག་མཁན་ཀུན་གྱི་ཡིད་ཀྱི་གསོས་སུ་འགྱུར་ངེས།

        སྒྲུང་རིང《གངས་འདབས་ཀྱི་དུར་ཁྲོད་དང་ཤམ་བྷ་ལའི་བྱ་རྒོད》པར་སྐྲུན་གྱི་གོ་རིམ་ཡོངས་རྫོགས་རྩོམ་པ་པོའི་སྙན་དེབ《བར་སྐོར་གྱི་ཆང་ཁང》དང་འདྲ་བར་ཚད་ལྡན་དུ་བསྒྱུར་ནས། འཆར་འགོད་དང་ཇུས་འགོད། པར་སྐྲུན་དང་འགྲེམ་སྤེལ་སོགས་ལས་རིམ་རེ་རེ་ཆེད་ལས་ཀྱི་ཚན་པ་རེ་རེས་བསྒྲུབས་ཡོད་ལ། ཕྱིར་ཚོང་འགྲེམ་སྤེལ་གྱི་དབང་ཆ་ཡོངས་རྫོགས་ནས་སོན་དཔེ་ཁང་གཅིག་པུ་ལ་སྤྲད་ཡོད། ནས་སོན་དཔེ་ཁང་གིས་དེབ་འདིའི་སིལ་འཚོང་དང་སྡེབ་འཚོང་གི་འགན་རྫོགས་པར་བླངས་ཡོད་པས། མོས་པ་ཅན་ཚོས་གཤམ་གྱི་འབྲེལ་གཏུག་ཁ་པར་དང་རྩ་གཉིས་བཤེར་རིས་བརྒྱུད་ནས་འབྲེལ་བ་བྱ་ཆོག་ལ། སྡེབ་ཉོ་གནང་མཁན་ལ་སྡེབ་ཉོའི་དེབ་ཀྱི་མང་ཉུང་བཞིན་ཕབ་གཅོག་ཀྱང་ལུགས་མཐུན་བྱ་རྒྱུ་རེད།