རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-06   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།
མིག་གི་དབང་པོ།
དབང་པོ་ལྔ་ལས་རབ་གཅེས་པའི།།
མཐོང་བྱེད་མིག་གི་དབང་པོ་ཡིས།།
ཕྱི་རོལ་མཛེས་པ་ལོངས་སྤྱོད་བྱེད། །
མིག་མེད་པས་ན་སྐལ་བ་མེད།།
ཐལ་རྡུལ་མི་གཙང་ཁོར་ཡུག་དང་། །
ཁ་པར་གློག་ཀླད་གློག་ཆས་ཀྱི།།
ཚད་ལས་ཐལ་བའི་འོད་ཟེར་སོགས།།
རན་པར་མ་བསྟེན་ཉེན་ཁ་ཆེ།།
མཐོང་བྱེད་ནུས་པ་ཉམས་གྱུར་ན།།
སྨན་དཔྱད་ནུས་པ་ཧ་ཅང་ཕྲ། །
མིག་མེད་ལོང་བའི་འཇིག་རྟེན་དེ། །
མྱ་ངན་མུན་པའི་ཐང་ཞིག་ཡིན། །
རྣ་བའི་དབང་པོ།
མུར་གོང་སྐྲ་མཚམས་གཡས་གཡོན་ན། །
སྒྲ་འཛིན་རྣ་བའི་དབང་པོ་ཡོད།།
སྙན་མོའི་གླུ་དང་ཡིད་འོང་གཏམ།།
ཉན་བྱེད་དབང་པོའི་ཁོ་ན་མཆོག།
དེ་ལ་ཚུལ་མིན་སྒྲ་ཆེན་དང་།།
ཉན་བཟོད་དཀའ་བའི་འཛེར་སྒྲ་སོགས།།
ཡུན་རིང་ཉན་དང་བག་མེད་སྤྱོད།།
ཚུལ་མིན་རྣ་སྤགས་བསྔོག་པ་སོགས། །
འོས་འཚམས་མིན་པའི་སྤྱོད་ལམ་དག།
རིང་དུ་དོར་བར་བསླབ་བྱ་ཡིན། །
ཉན་བྱེད་ནུས་པ་ཤོར་སོང་བ་ན།།
སྨན་གྱི་ནུས་པས་སྐྱོབ་ཐབས་དཀའ།།
སྙན་པ་ལོངས་སྤྱོད་མི་ལྡན་པའི།།
འོན་པའི་འཇིག་རྟེན་སྡུག་བསྔལ་ཆེ།།
སྣ་ཡི་དབང་པོ།
ཞལ་རས་དབུས་ཀྱི་གཤོང་ས་ན།།
དྲི་འཛིན་སྣ་ཡི་དབང་པོ་ཡོད།།
གཙང་མའི་དྲི་བཟང་ལོངས་སྤྱོད་ལ།།
སྣ་ཡི་དབང་པོ་ཁོ་ན་མཆོག།
རྫས་འགྱུར་འབག་པའི་དྲི་ངན་དང་། །
ཐལ་རླུང་དུ་སྨུག་བཙོག་དྲིས་གོས།།
སྣ་ཐ་འཐེན་དང་སྣ་སྤུ་བཏོག།
དེ་སོགས་མ་ཤེས་སྤྱོད་པ་དག།
རིང་དུ་དོར་བ་བསླབ་བྱ་ཡིན།།
འཕྲོད་པར་མ་བསྟེན་ཉེས་པ་ཡིས།།
དེ་ཡི་བྱེད་ལས་ཉམས་གྱུར་ནས།།
ཟས་ཀྱི་དྲི་མ་མི་ཚོར་བས།།
ལོངས་སྤྱོད་མ་ཚངས་ལྷད་ཅན་འགྱུར།།
ལྕེ་ཡི་དབང་པོ།
རབས་དཀར་ཚེམས་ཀྱིས་སྐོར་བའི་དབུས།།
རོ་འཛིན་ལྕར་ཡི་དབང་པོ་ཡོད།།
རོ་དྲུག་དབྱེ་འབྱེད་བྱེད་པ་དང་། །
འཚོ་བའི་ཟས་ཀྱི་བཅུད་ཀྱང་ལེན།།
རྣོ་དབལ་ཚད་ལས་འདས་པ་དང་།།
མི་གཙང་རུལ་སུངས་ཅན་དང་ནི། །
ཚ་འཁྱག་རྩུབ་པ་ཐལ་ཆེ་དང་།།
དྲགས་རྩུབ་འཁྲུད་སོགས་སྤྱོད་ལོག་གིས།།
མི་ཟད་ལྕེ་ནད་བཟོ་བས་གཟབ།།
ལྕེ་དང་ལྕེ་དབང་རྨས་གྱུར་ན།།
སྨན་གྱི་བཅོས་ཐབས་སླ་བ་མིན།།
རོ་ཚོར་ཉམས་པའི་བཟའ་བཏུང་དེ།།
ལྗན་ཟས་ལྗན་ཆུ་བཏུང་བ་འདྲ།།
ལུས་ཀྱི་དབང་པོ།
ལུས་ཅན་ཀུན་གྱི་ལྤགས་པ་དང་།།
ལྷན་གཅིག་གནས་པ་དྭངས་བའི་གཟུགས།།
ལུས་ཀྱི་དབང་པོས་རེག་བྱ་ཡི།།
ཚོར་བ་བདེ་སྡུག་མྱོང་བར་བྱེད།།
ཚད་བརྒལ་དྲོ་གྲང་འཕྲད་པ་དང་།།
འགོ་ནད་ཅན་ལ་རེག་པ་དང་།།
དུག་ཅན་བྱུག་དང་དུག་ཅན་གོན།།
དུག་སྦྲང་འབུ་ཡིས་ཕུག་པ་སོགས།།
ལུས་ལ་གནོད་པའི་ཟས་སྤྱོད་ཀྱིས།།
ལུས་ཀྱི་ལྤགས་པའི་ནད་རྣམས་སྐྱེད།།
བླང་དོར་བསླབས་ནས་གཟབ་པར་བྱ།།
གལ་ཏེ་ཉེས་ན་གཟུགས་ངན་འགྱུར།།
བདེ་ཞིང་སྐྱིད་པའི་རེག་བྱ་ཀུན།།
མྱོང་བའི་བསམ་པ་རྨི་ལམ་འདྲ།།