གཉིད་ཁུག་པའི་སྤུས་ཚད་ཀྱིས་ཕྲུ་གུའི་གཟུགས་པོའི་སྐྱེ་འཕེལ་ལ་ཤུགས་རྐྱེན་ཐེབས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-08   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

        ཕྲུ་གུའི་གཉིད་སྐྱིད་པོ་ཁུག་པའི་གོམས་གཤིས་སྔ་ཙམ་ནས་སྐྱེད་སྲིང་བྱེད་དགོས། གཉིད་ལོག་པའི་སྐབས་སུ། ལུས་སུ་སྐྱེ་འཕེལ་སྐུལ་རྩི་ཟགས་ཐོན་བྱས་པའི་ཚད་ནི་ཉིན་དཀར་གྱི་ལྡབ3ཡིན་པས། བྱིས་པའི་ལུས་ཕུང་གི་འཚར་སྐྱེ་ལ་ཕན་པ་ཆེན་པོ་ཡོད། དེའི་ཕྱིར། བྱིས་པའི་གཉིད་ཁུག་པའི་སྤུས་ཚད་ཀྱིས་བྱིས་པའི་མ་འོངས་པའི་གཟུགས་པོའི་རིང་ཚད་ལ་ཐད་ཀར་ཤུགས་རྐྱེན་ཐེབས་པ་དང་། གཞན་བརྒྱུད་ཀྱིས་བྱིས་པའི་ལུས་གཟུགས་དང་རིག་སྟོབས་ཀྱི་འཚར་སྐྱེ་ལའང་ཤུགས་རྐྱེན་ཐེབས་སྲིད། ལོ་ན་མི་འདྲ་བའི་ཕྲུ་གུའི་ཉིན་གཅིག་གི་གཉིད་ཁུག་པའི་དུས་ཚོད་ཀྱང་མི་འདྲ།   ཆེད་མཁས་པས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱུན་ལྡན་གྱི་གནས་ཚུལ་འོག ཕྲུ་གུ་གཉིད་ཁུག་པའི་དུས་ཚོད་ནི་གཤམ་ལྟར།

        བཙས་མ་ཐག་པའི་ཕྲུ་གུའི་ཉིན་རེར་གཉིད་ཁུག་པའི་ཆུ་ཚོད་ནི་ཆུ་ཚོད20ནས22དང་།

        ཟླ2ལོན་པའི་ཕྲུ་གུ་ཆུ་ཚོད16ནས18དང་།

        ཟླ4ལོན་པའི་ཕྲུ་གུ་ཆུ་ཚོད15ནས16དང་།

        ཟླ8ལོན་པའི་ཕྲུ་གུའི་ཆུ་ཚོད14ནས15།

        ལོ1ཅན་གྱི་བྱིས་པར་ཆུ་ཚོད་ནི13ནས14དང་།

        ལོ2ནས3བར་གྱི་བྱིས་པར་ཆུ་ཚོད12ནས13བར་ཡིན།

        ལོ4~5བར་གྱི་བྱིས་པར་ཆུ་ཚོད11ནས12ཡིན།

        ཆེད་མཁས་པས་ཀྱང་གོང་གསལ་གྱི་ངོ་སྤྲོད་བྱས་པའི་བྱིས་པ་ཉིན་ལྟར་གཉིད་པའི་དུས་ཚོད་དེ་བྱིས་པའི་ཚོགས་སྤྱི་ཧྲིལ་པོའི་ངོས་ནས་བརྗོད་ན་ཕྲུ་གུ་ལ་ལར་ཁྱད་པར་ཆེ་ཙམ་ཡོད་ཅེས་བརྗོད་ཡོད། ཕྲུ་གུ་ལ་ལ་ཞིག་གཉིད་པའི་དུས་ཚོད་དེ་ང་ཚོས་བཤད་པའི་དུས་ཡུན་ལ་ཐོན་མི་ཐུབ་མོད། འོན་ཀྱང་ཕྲུ་གུའི་བཟའ་ཚད་དང་རོལ་རྩེད། རིག་སྟོབས། ལུས་པོའི་འཚར་སྐྱེ་སོགས་ནི་རྒྱུན་ལྡན་ཡིན་ལ། རྒྱུན་དུ་ནད་མི་འབྱུང་བས། ཁྱིམ་བདག་གིས་སེམས་ཁུར་བྱེད་མི་དགོས།

        གཉིད་འདང་བའི་ཕྲུ་གུའི་སྤྱོད་སྟངས་ནི་འདི་ལྟ་སྟེ།

        འོ་ན། གཅེས་ཕྲུག་གི་གཉིད་འདང་མིན་ཇི་ལྟར་བརྡར་ཤ་གཅོད་དགོས། ཆེད་མཁས་པས་ཀྱང་བརྡར་གཅོད་ཚད་གཞི་འགའ་བཏོན་ཡོད་པ་སྟེ།

        1. ཞོགས་པར་རང་འགུལ་གྱིས་གཉིད་ལས་སད་པ་མ་ཟད། ད་དུང་སད་དུས་ངུ་སྐད་ཆེན་པོ་མི་རྒྱག་པ་དང་། བསམ་པའི་འཁྱེར་སོ་ལེགས་པོ་ཡོད་པ།

        2. ཉིན་དཀར་ཉིན་གང་བོར་སེམས་ཤུགས་རྒྱས་ཤིང་གྲུང་ཤ་དོད་པོ་ཡིན་པ། མཐའ་འཁོར་གྱི་བྱ་དངོས་ལ་སྤྲོ་བ་ལྡན་པ།

        3. ཡི་ག་བཟང་བ། ཟས་མི་འདེམས་པ། ཟས་ལ་ཕྱོགས་ཞེན་མེད་པ།

        4. ལུས་པོའི་ལྗིད་ཚད་དང་གཟུགས་པོའི་རིང་ཚད་འཕར་བའི་མྱུར་ཚད་རྒྱུན་ལྡན་ཡིན་པ།

        དུས་མཚུངས་སུ། ལུས་པོའི་ལྗིད་ཚད་ལ་མཚོན་ན། རྒྱུན་ལྡན་དུ་ཟླ0-6གི་བྱིས་པའི་ལུས་པོའི་ལྗིད་ཚད་ཇེ་མཐོར་འགྲོ་བའི་མྱུར་ཚད་ནི་ཁེ600ནས800ཡིན་པ་དང་། ཟླ7~12ནི་ཁེ250ནས300ཡིན། ལོ1ཡན་གྱི་བྱིས་པའི་ཟླ་རེར་ལུས་པོའི་ལྗིད་ཚད་ཁེ150ཡན་འཕར་བ་ཡིན།

        གཟུགས་པོའི་རིང་ཚད་ལ་མཚོན་ན། ལོ་དང་པོར་ལི་སྨི25དང་། ལོ་གཉིས་པར་ལི་སྨི10འཕར་སྲིད། ལོ2ཀྱི་རྗེས་སུ་བུ་མོ་ལ་ལོ་རེར་ལི་སྨི4ནས6བར་དང་། བུ་ལ་ལི་སྨི5ནས7བར་འཕར་སྲིད།

        གཉིད་ཁུག་པའི་གོམས་གཤིས་བཟང་བོ་ཕྲུ་གུ་སྐྱེས་མ་ཐག་ནས་བཟུང་གསོ་སྐྱོང་བྱེད་དགོས། ནུ་མ་སྣུན་པའི་ཕྱོགས་སུ། དུས་ཚོད་གཏན་ཁེལ་དང་། ཚད་བཅད་ལྟར་སྣུན་པའི་གོམས་གཤིས་ཆགས་སུ་འཇུག་དགོས། ཨ་མའི་ནུ་ཞོ་བསྣུན་བཞིན་པའི་ཕྲུ་གུ་ལ་མཚོན་ན། ཕྲུ་གུ་བཙས་མ་ཐག་ནས་དགོས་མཁོ་ལྟར་ནུ་མ་བསྣུན་དགོས་པ་སྟེ། ཕྲུ་གུ་ལྟོགས་པའི་རྐྱེན་གྱིས་ངུ་བའམ་ཡང་ན་ཨ་མའི་ནུ་མ་སྦོས་བའི་སྐབས་བཅས་སུ་ནུ་མ་སྣུན་ཆོག གསར་སྐྱེས་ཀྱི་ཕྲུ་གུར་ཆུ་ཚོད་2.5-3རེའི་མཚམས་སུ་ནུ་མ་ཐེངས་གཅིག་ལྡུད་དགོས། དུས་མཚུངས་སུ་ཕྲུ་གུའི་ཟླ་རེའི་འཕར་ཚད་དང་བསྟུན་ནས་རིམ་བཞིན་མཚན་མོར་བསྣུན་པའི་གྲངས་ཀ་ཇེ་ཉུང་དུ་གཏོང་དགོས། མིའི་ཐབས་ཀྱིས་ལྡུད་གསོ་བྱེད་པའི་གཅེས་ཕྲུག་ལ་ཕྲུ་གུ་བཙས་རྗེས་དུས་ཚོད་གཏན་ཁེལ་ལྟར་ལྡུད་གསོ་བྱེད་དགོས་པ་དང་། རབ་ཡིན་ན་ཆུ་ཚོད་3.5ནས4ནང་ཐེངས་རེར་ལྡུད་དགོས། གལ་ཏེ་མཚན་མོར་ཕྲུ་གུ་གཉིས་ལས་མ་སད་ན་ནུ་མ་སྣུན་ཕྱིར་གཅེས་ཕྲུག་གཉིད་ལས་སློང་མི་དགོས།

        དེ་མིན་ཁྱིམ་བདག་གིས་གཅེས་ཕྲུག་ཚུར་སྣང་བྱེད་པའི་ཆ་རྐྱེན་ལེགས་པོ་ཞིག་འཛུགས་པར་རོགས་རམ་བྱེད་དགོས་སྟེ། དཔེར་ན། སྒེའུ་ཡོལ་འཐེན་པ་དང་། ཁང་པའི་ནང་གི་འོད་མི་གསལ་བར་གཏོང་བ་དང་། ཉལ་ཁར་ཁ་ལག་བཤལ་བ་དང་། དྲི་མ་གཙང་མར་འདོར་བ། འཇམ་པོ་དང་བག་ཡངས་པའི་ཉལ་གོས་བརྗེ་བ་དང་གློག་འོད་གཟིམ་ནས་གཉིད་པ་སོགས་བྱེད་དགོས། དེ་དང་མཉམ་དུ། གཅེས་ཕྲུག་ལ་ཚུར་སྣང་མི་ལེགས་པ་འབྱུང་བའི་ཆ་རྐྱེན་སྔོན་འགོག་བྱེད་དགོས། དཔེར་ན། སྒུལ་ནས་གཉིད་པ་དང་པང་དུ་གཉིད་པ། ཁ་ནང་དུ་ནུ་མ་བཟུང་ནས་གཉིད་པ་སོགས་ཡིན།

        ཐབས་འདི་བཞིས་ཕྲུ་གུར་གཉིད་སྐྱིད་པོ་ཁུག་པའི་ཁོར་ཡུག་བསྐྲུན་པ།

        1.གཉིད་ཁུག་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་པ་སྟེ། ཁང་བའི་ནང་གི་དྲོད་ཚད་ཏུའུ22ནས25བར་དང་། བརླན་ཚད་བརྒྱ་ཆའི50ནས་60དང་། ཁང་བའི་མཁའ་དབུགས་འཁོར་རྒྱུག་ལེགས་པོ་བྱེད་པ། ཉལ་ཐུལ་གྱི་སྲབ་མཐུག་དང་ལྕི་ཡང་འོས་འཚམ་ཡིན་པ། གྱོན་ཆས་ཀྱི་སྲབ་མཐུག་དང་བསྡམ་ལྷོད་འོས་འཚམ་དང་། སྔས་མགོའི་མཐོ་དམའ་དང་། མཉེན་ཚད་འོས་འཚམ་སོགས་ཡིན་དགོས།     

        2. ཉལ་ཁར་ལྷོད་ལ་འབབ་དུ་འཇུག་དགོས། གཅེས་ཕྲུག་མ་ཉལ་གོང་ཧ་ཅང་སྤྲོ་བ་དང་འགུལ་སྐྱོད་དྲག་པོ་བྱེད་དུ་མི་འཇུག་པ། གཅེས་ཕྲུག་ལ་མི་འཚམ་པའི་གཏམ་རྒྱུད་མི་བཤད་པ། གཅེས་ཕྲུག་ལ་མི་འཚམ་པའི་བརྙན་འཕྲིན་ལེ་ཚན་ལྟ་རུ་མི་འཇུག་པ་སོགས་ཡིན།

        3. ཉལ་ཁར་ཟས་མང་དུ་མི་ཟ་བ་དང་། ལྷག་པར་དུ་གཅེས་ཕྲུག་ལ་ཚོར་ལོག་འབྱུང་སླ་བའི་ཟས་རིགས་བཟའ་རུ་མི་འཇུག་པ།

        4. གཅེས་ཕྲུག་གཉིད་ཁའི་གཏམ་རྒྱུད་དང་རོལ་དབྱངས་དང་འགྲོགས་ནས་གཉིད་དུ་འཇུག་དགོས།