དབྱར་དགུན་ཉི་ལྡོག་གི་རྣམ་བཤད།

རྩོམ་པ་པོ།   ཐུབ་བསྟན་ཕུན་ཚོགས།  ཡིག་བསྒྱུར།       དུས་ཚོད།   2020-01-08   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

        དགུན་ཉི་ལྡོག་ཅེས་པ་ནི།  ས་ཡི་གོ་ལས་ཉི་མའི་དཀྱིལ་འཁོར་ལ་བསྐོར་བ་ཐེངས་རེ་བྱ་བའི་ཡུན་ལ་ཉིན་ཞག་365འགོར་ཞིང་ཡོད།  དེ་ཡང་སའི་གོ་ལས་ཉི་མའི་དཀྱིལ་འཁོར་ལ་གཡོན་བསྐོར་དུ་བགྲོད་པའི་ཚེ།  ས་ཡི་གོ་ལ་དེ་ཉི་མའི་ལྷོ་ཕྱོགས་དྲང་ཐིག་གི་ཐོག་ཏུ་སླེབས་པའི་ཉིན་དེ་ལ་ཟེར།  དེ་ནི་གོ་ལའི་བྱང་ངོས་འདིར་ཉི་མ་དང་ཐག་རིང་ཤོས་དང་།  ཉིན་མོ་ཐུང་ལ་མཚན་མོ་རིང་ཤོས་ཀྱི་ཉི་མ་དེ་ཡིན།  དེ་ནས་བཟུང་ཉི་མ་བྱང་ཕྱོགས་ལ་ཡར་བསྐོར་བགྲོད་པས་རིམ་བཞིན་ཉི་མ་ཇེ་རིང་དང་།  མཚན་མོ་ཇེ་ཐུང་དུ་འགྲོ་བ་མ་ཟད།  གོ་ལའི་བྱང་ངོས་འདིའང་ཉི་མ་དང་ཐག་ཇེ་ཉེར་འགྲོ་ཞིང་ཡོད།  འོན་ཀྱང་གོ་ལའི་ལྷོ་ཕྱོགས་ནི་དེ་ལས་ལྡོག་སྟེ་ཉི་མའི་དཀྱིལ་འཁོར་དང་ཐག་ཉེ་ཞིང་ས་དྲོད་དང་།  ཆར་ཆུ་རྒྱས་པའི་དབྱར་དུས་ཡིན་སྟབས།  ཉིན་མོ་རིང་ཞིང་མཚན་མོ་ཐུང་བའི་དུས་ཡིན།

        རི་མོའི་ནང་གི་མི་གཟུགས་སྒུར་པོ་ནི་གོ་ལའི་ལྷོ་བྱང་མཚོན་བྱེད་ཡིན།  མགོ་བོ་བྱང་ལ་འཕོངས་རྐུབ་ལྷོ།  དབྱར་དུས་མགོ་དང་ཉི་མ་ཐག་ཉེ།  དགུན་དུས་མགོ་དང་ཉི་མ་ཐག་རིང་།

        དབྱར་ཉི་ལྡོག་ཅེས་པ་ནི།  ས་ཡི་གོ་ལ་ཉི་མའི་བྱང་ཕྱོགས་སུ་དྲང་ཐིག་གི་ཐོག་ཏུ་སླེབས་ཤིང་ང་ཚོ་གནས་པའི་བྱང་མཐའ་འདི་ཉི་མ་དང་ཐག་ཉེ་ཤོས་གྱུར་སྟབས།  ས་ལ་དྲོད་དང་ཆར་ཆུ་རྒྱས་པའི་དུས་ཡིན་ཞིང་།  ཉིན་མོ་རིང་ལ་མཚན་མོ་ཐུང་ཤོས་ཀྱི་ཉིན་ཞིག་ཡིན།  དེ་ནས་བཟུང་ས་ཡི་གོ་ལ་དེ་རིམ་བཞིན་ལྷོ་ཕྱོགས་སུ་བསྐོར་འགྲོ་ཞིང་ཡོད་སྟབས་ཉིན་མོ་ཇེ་ཐུང་དང་།  མཚན་མོ་ཇེ་རིང་དུ་འགྲོ་ཞིང་ཡོད་ཅིང་།  གོ་ལའི་བྱང་ངོས་འདི་ཉི་མ་དང་ཐག་ཇེ་རིང་འགྲོ་ཞིང་ཡོད་སྟབས་གནམ་གཤིས་ཀྱང་ཇེ་གྲང་དུ་འགྲོ་ཞིང་ཡོད།  འོན་ཀྱང་གོ་ལའི་ལྷོ་མཐའ་དེར་དགུན་ཉི་ལྡོག་གི་སྐབས་སུ་སླེབས་ཡོད་པས་ཉིན་མཚན་རིང་ཐུང་དང་།  གནམ་གཤིས་སོགས་དེ་ལས་ལྡོག་པ་ཡོང་བ་ནི་གོང་དུ་བཤད་པ་ལྟར་རོ། །

        ནུབ་ཕྱོགས་པའི་རྩིས་ལུགས་ལྟར་ན་དབྱར་ཉི་ལྡོག་ནི་རག་པ་ཉི་མ་ཀར་ཊའི་ཁྱིམ་དུ་འབྱོར་ཉིན་དང་། དགུན་ཉི་ལྡོག་ནི་རག་པ་ཉི་མ་ཆུ་སྲིན་ཁྱིམ་དུ་འབྱོར་ཉིན་དེར་ཡིན།

        སྐར་རྩིས་ཀྱི་གཞུང་རྣམས་སུ་དབྱར་དགུན་ཉི་ལྡོག་ནི་རང་བྱུང་ཁམས་ཀྱི་གནས་ཚུལ་ཞིག་ཡིན་སྟབས་ཉིན་མཚན་རིང་ཐུང་དང་། གནམ་གཤིས་ཀྱི་འགྱུར་བ་སོགས་ཚན་རིག་གི་འགྲེལ་བཤད་ཙམ་ལས་རྟེན་འབྲེལ་ལ་ཉེ་སོགས་ཆོས་ལུགས་དང་།  དམངས་སྲོལ་སོགས་ཀྱི་འགྲེལ་བཤད་གང་ཡང་མེད།

        བོད་ཀྱི་དམངས་ཁྲོད་བཤད་སྲོལ་ལ།  དགུན་ཉི་ལྡོག་སྐབས་སུ་ཉི་མ་ལྷོ་ཕྱོགས་གཤིན་རྗེའི་གྲོང་ནས་འཆར་ཞིང་ཡོད་སྟབས།  དེས་ནད་ཡམས་དང་།  མུ་གེ་སོགས་འགལ་རྐྱེན་བར་ཆད་མང་པོ་ཁྱེར་ནས་ཡོང་ཞིང་ཡོད་པ་མ་ཟད།  ཉིན་དེར་ལོ་དེའི་རིང་ལ་འཆི་རེས་ལ་བབས་པའི་མི་རྣམས་ལ་གཤིན་རྗེའི་ཁྲམ་རྟགས་འདེབས་ཤིང་ཡོད་སྟབས།  འགལ་རྐྱེན་དེ་དག་ཟློག་པའི་ཆེད་དུ་ཉི་ལོག་གཏོ་ཟློག་སྣ་ཚོགས་འདོན་སྲོལ་ཡོད།  དཔེར་ན།  དགོན་པ་རྣམས་ཀྱིས་ཕུར་ཟློག་དང་།  ཡས་ཟོར་སོགས་ཀྱི་གཏོར་ཟློག་དང་།  གྲོང་ཆོག་པ་རྣམས་ཀྱིས་ཤེར་སྙིང་བདུད་བཟློག་དང་།  སྒྲོལ་མ་གཡུལ་མདོས་སོགས་འདོན་སྲོལ་ཡོད་པ་རེད།

        དབྱར་ཉི་ལྡོག་སྐབས་སུ།  ཉི་མ་དེ་བྱང་ཕྱོགས་རྣམ་སྲས་བང་མཛོད་ནས་འཆར་ཞིང་ཡོད་སྟབས་ཆར་ཆུ་དུས་སུ་འབབ་ཅིང་།  ལོ་ཕྱུགས་རྟག་ཏུ་ལེགས།  མི་ནད་དང་།  ཕྱུགས་ནད་ཐམས་ཅད་ཞི་བའི་མཐུན་རྐྱེན་བཟང་པོ་ཁྱེར་ཡོང་ཞིང་ཡོད་སྟབས།  བཀྲ་ཤིས་གཡང་འབོད་ཀྱི་ཆོ་ག་འདོན་པའི་སྲོལ་ཡོད་པ་རེད།  དཔེར་ན།  འབྲོག་སྡེ་རྣམས་གཙོ་བོར་བྱེད་ཅིང་དུས་འདིར་གཡང་སྐྱབས་དང་།  གསེར་འོད་།  ཡུལ་ལྷ་མནོལ་བསངས་སོགས་ཀྱི་རིམ་གྲོ་འདོན་སྲོལ་ཡོད་པ་རེད།  འདི་ནི་རྨོངས་དད་དང་འབྲེལ་བའི་དམངས་ཁྲོད་ཀྱི་གོམས་སྲོལ་ཞིག་ཡིན་པ་ལས་ཚན་རིག་དང་མཐུན་པའི་རྒྱུ་མཚན་གང་ཡང་མེད།  འོན་ཀྱང་ཡུལ་སྲོལ་དེ་ངོ་བོ་བཟང་ངན་གང་ཡིན་ཀྱང་།  བོད་ཀྱི་དམངས་ཁྲོད་ཡུལ་སྲོལ་ཞིག་ཡིན་པ་ཤེས་དགོས།

        རྒྱ་ནག་ཡུལ་དུ་དགུན་ཉི་ལྡོག་ནི་ལོ་གསར་དང་ཉེ་བའི་དུས་སྟོན་ཞིག་ཡིན།  བྱང་ཤར་ཕྱོགས་ཀྱི་རྒྱ་རིགས་རྣམས་ཀྱིས་དུས་སྟོན་འདི་བསུ་བའི་ཆེད་དུ།  ནང་མི་བྱེས་སོང་རྣམས་ཁྱིམ་དུ་འཛོམས་ཅི་ཐུབ་དང་།  དེ་དག་ལྷན་ཅིག་ཏུ་ཅའོ་ཙི་(饺子)ཞེས་པ་གྲོ་ཟན་ནང་དུ་ཤ་ཕྱེ་དང་།  སྔོ་ཚལ་སོགས་གཏུམ་པའི་ཟས་རིགས་ཞིག་བཟའ་མི་ལྷན་འཛོམས་ཀྱི་རྟེན་འབྲེལ་ཆེད་དུ་བཟའ་སྲོལ་ཡོད་འདུག་ལ།  ལྷོ་ཕྱོགས་པ་རྣམས་ཀྱིས་དུས་སྟོན་བསུ་ཞིང་ཕ་མེས་ཀྱི་ལྷ་མཆོད་པའི་དུས་ཆེན་ཞིག་ཀྱང་ཡིན། དེ་བཞིན་དུ་མི་རིགས་སོ་སོའི་ཡུལ་དུ་རང་རང་གི་གོམས་སྲོལ་དང་འབྲེལ་བའི་དགུན་ཉི་ལྡོག་ལ་བཤད་སྲོལ་མི་འདྲ་བ་རེ་ཡོད་སྲིད་ཀྱང་ཁོ་བོས་ཤེས་པ་ནི་དེ་ཙམ་མོ།  །

        བོད་ཀྱི་ལོ་རྒྱུས་ཐོག་རིག་གནས་ནང་འདྲེན་ཡིན་ཁུལ་གྱིས་མི་རིགས་རང་གི་རིག་གནས་རྣལ་མ་དེ་ཉིད་རིམ་བཞིན་རྡོག་རོལ་བྱེད་མཁན་ནི་བླ་ལོག་གྲྭ་ལོག་ཁ་ཤས་ཤིག་ཡིན་པ་ལྟར།  དེང་དུས་ཀྱང་དེ་བཞིན་དུ་བོད་ཀྱི་དར་དཀར་རིག་གནས་ལ་གཏོར་བཤིགས་བྱེད་ཅིང་དར་སེར་དང་།  དར་དམར་སོགས་དར་སྤེལ་གཏོང་བ།  དེ་བཞིན་དུ་སྲོལ་རྒྱུན་རིག་གནས་རྣམས་ཀྱང་རིམ་བཞིན་གཞན་འགྱུར་བཟོ་མཁན་ནི་ཡོན་ཏན་མེད་ལ་ཧམ་པ་མཐོ་བའི་བླ་ལོག་རྣམས་ཡིན་པ་བཤད་མ་དགོས་པ་རེད།  དཔེར་ན་ལོ་ཤས་སྔོན་ལ་ཁམས་ཕྱོགས་ཀྱི་བླ་ལོག་འགའ་ཞིག་གིས་རང་ལུགས་ཀྱི་ཡུལ་སྲོལ་ནང་མེད་པའི་དགུན་ཉི་ལྡོག་ནི་བཀྲ་ཤིས་པའི་ཉི་མ་ཞིག་ཡིན་སྟབས།  ཉིན་འདིར་ཀུན་བཟང་སྨོན་ལམ་འདོན་དགོས་པའི་སྐུལ་མ་གཏོང་འདུག་པ་འདི་ནི་རྒྱ་ནག་ལྷོ་ཕྱོགས་པའི་མི་སེར་རྣམས་ཀྱི་ལུགས་ལ་ལད་མོ་བྱས་པ་ཞིག་ཡིན་པར་ཤེས་སླ།