བོད་ཞྭའི་སྐོར་རོབ་ཙམ་གླེང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-13   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

    སྤྱིར་ཞྭ་མོ་ནི་མི་རིགས་ཤིག་གི་གྱོན་ཆས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་མི་རིགས་དེའི་ལོ་རྒྱུས་འཕེལ་རྒྱས་ཀྱི་གོ་རིམ་ནང་གི་རིན་ཐང་ལྟ་བ་དང་ཐོན་སྐྱེད་རྣམ་པ། དད་མོས་ཀུན་སྤྱོད། གོམས་གཤིས་རིག་གནས་སོགས་ཀྱི་འགྱུར་ལྡོག་དང་། གནའ་མིའི་རྗེས་ཤུལ་རིག་གནས་ཀྱི་ངོས་མང་པོ་ཞིག་གི་ཆ་འཕྲིན་ཕྱིར་མངོན་ཚུལ་ཞིག་ཡིན་ལ། བོད་པ་ཚོ་ཡང་གནའ་སྔ་མོ་ནས་ཞྭ་མོ་གྱོན་པར་དགའ་བ་དང་། ཞྭ་མོའི་སྒྱུ་རྩལ་དར་ཁྱབ་ཆེ་ལ་དབྱིབས་དང་ཁ་དོག་སྣ་ཚོགས་ཡོད་ཅིང་། དེ་དག་ལ་ཆར་རླུང་དང་ཉི་འོད་འགོག་པའི་ཁྱད་ཆོས་ལྡན་པ་ཙམ་མ་ཟད། དབྱར་ཁ་བསིལ་ལ་དགུན་ཁ་དྲོ་བ། དེ་མིན་ལས་རིགས་དང་གོ་གནས། རོང་འབྲོག་བར་གྱི་དབྱེ་བ་སོགས་གསལ་པོར་བརྒྱུད་སྤྲོད་བྱེད་ཐུབ་པས། དེ་ནི་གཞན་ལ་ཡོད་ན་ཡིད་སྨོན་འཆོར་བ་དང་རང་ལ་ཡོད་ན་སྤོབས་པ་སྐྱེས་འོས་པའི་གྱོན་ཆས་འདང་རྩིས་ཅན་ཞིག་ཡིན། ལྷག་དོན་བོད་ཞྭ་ལ་མཛེས་ཆས་རིག་གནས་ཀྱི་ཁ་དོག་དང་ཆོས་དད་རིག་གནས་ཀྱི་ཡིད་ཆེས། དམག་དོན་རིག་གནས་ཀྱི་ཆ་ལུགས་སོགས་ལོ་རྒྱུས་རིན་ཐང་གི་དཔྱད་ཡིག་གལ་ཆེན་ལྡན་པ་རེད།

    དེ་ཡང་བོད་ཞྭ་ལ་དབྱིབས་དང་ཁ་དོག་མི་འདྲ་བའི་རིགས་སྣ་ཚོགས་ཡོད་པ་མ་ཟད། མིག་ལ་མཛེས་ཤིང་ཡིད་དབང་འཕྲོག་པའི་ཉམས་ཆེན་པོ་ཡོད། ཆེ་ས་ནས་ཆོས་ལུགས་པའི་དབུ་ཞྭ་དང་འཇིག་རྟེན་པའི་ཞྭ་མོ་བཅས་རིགས་ཆེན་པོ་གཉིས་སུ་བསྡུས་ཆོག་མོད། འོན་ཀྱང་བྱེ་བྲག་གི་འཇིག་རྟེན་པའི་ཞྭ་མོར་དུས་ཚིགས་དང་གནམ་གཤིས་ཀྱི་ཆ་ནས་དབྱར་ཞྭ་དང་དགུན་ཞྭ་གཉིས་སུ་དགར་ཆོག་ལ། རྒྱུ་ཆའི་རྣམ་པའི་སྟེང་ནས་ཚར་ཞྭ་དང་། ཟ་འོག་གི་ཞྭ། མགོ་སྐྱོབ་ཀྱི་རྨོག་ཞྭ། སྒྲུང་ཞྭ། ཞྭ་མོ་ལྕགས་མདའ། སྤ་ཕྲུག་དང་བྱུར་ཞྭ། སྤོས་ཞྭ། རྩྭ་ཞྭ། ཕྱིང་པ་དང་སྣམ་བུ་ཡིས་བཟོས་པའི་ཞྭ། ཞྭ་མོ་འབོག་ཆེན་དང་ཡང་ཞྭ། ཕྱིས་འབྱུང་གི་ཝ་ཞྭ་དང་རྟ་ཞྭ་ཐོ་མོར། སོག་ཞྭ། རྒྱ་ཞྭ་ལིས་མོ། ཨར་ཞྭ། རྣ་བཞི། རྨོག་རིལ་ཨ་མཆོག་ཅན། ཁྱོ་ཞྭའམ་ཝ་ཞྭ་ལྟག་རིང་། ཚར་ཞྭ། ཆར་ཞྭ་སོགས་ཡོད་པས་བོད་མི་རིགས་ལ་ཆ་རྒྱུས་ལྡན་མཁན་ཞིག་ཡིན་ཚེ་ཐོག་མར་ཞྭ་མོ་ཅི་འདྲ་ཞིག་གྱོན་ཡོད་པ་ལས་མི་དེའི་ཐོབ་གོ་ས་དང་རྒྱུ་འབྱོར་ལོངས་སྤྱོད་ཅི་འདྲ་ཡིན་པ་ཐད་ཀར་དུ་ཤེས་ཐུབ་བོ། ། ས་དགེ་བཀའ་རྙིང་སོགས་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་ཚང་མར་གྲུབ་མཐའ་སོ་སོའི་ཁྱད་ཆོས་མངོན་པར་མཚོན་པའི་དབུ་ཞྭ་ཐུན་མོང་མ་ཡིན་པ་རེ་ཡོད་དེ། བྱེ་བྲག་གི་རྙིང་མ་པར་མཚོན་ན་སྣང་སྲིད་ཟིལ་གནོད་དང་། འདབ་ལྡན་རིགས་ལྔ། པད་མ་མཐོང་གྲོལ། མཐུ་ཞྭ་རྩེ་གཅིག་ཅན་དང་རྩེ་གསུམ་ཅན། ཞྭ་ནག སྨིན་གླིང་གོང་ཞྭ་སོགས་ཞྭ་དབྱིབས་སྣ་ཚོགས་ཡོད་ལ། བཀའ་བརྒྱུད་པར་ཀརྨ་པའི་ཞྭ་ནག་མཐོང་བ་དོན་ལྡན་དང་། ས་སྐྱ་པར་ས་ཞུ། དགེ་ལུགས་པར་རི་ཁྲོད་སྒོམ་ཞུ་དང་། དགའ་ལྡན་དུང་ཤུབས། བྱང་ཆུབ་སེམས་ཞྭ། འཇིགས་བྱེད་རྭ་ཞུ་སོགས་དང་། བོད་གྱི་བསྒོམ་ཞུ་དཀར་མོ་རྩེ་རྒྱལ་སོགས་ཡོད། དབུ་ཞྭ་འདི་དག་གི་བཟོ་དབྱིབས་དང་རྣམ་པ་ནི་གྲུབ་མཐའ་སོ་སོའི་སྲོལ་འབྱེད་མཁན་པོ་དང་གྲུབ་མཐའི་རྐང་འཛིན་གྱི་སྐྱེས་བུ་དམ་པ་དག་གིས་གསར་གཏོད་མཛད་པ་དང་། དབུ་ཞྭ་དེ་དག་གི་མཚོན་དོན་ནི་སོ་སོའི་གྲུབ་མཐའི་གཞུང་ན་གསལ་པོར་འཁོད་ཡོད་དོ། ། མིང་གི་རྣམ་གྲངས་སུ་སྐྱེ་བོའི་ཅོད་པན་དང་མགོ་བོའི་གོས། མགོ་བོའི་ཞྭ། མགོ་རེག ཆུ་སྐྱོབ་སོགས་སུ་འདོགས་པར་འཚལ།

    གནའ་སྔ་མོ་ནས་བཟུང་བོད་མིའི་འཚོ་བའི་རྟེན་གཞི་གཙོ་བོ་རྟ་ནོར་ལུག་གསུམ་ཡིན་ལ། རྟ་ནོར་ལུག་གསུམ་གྱི་ཐོན་སྐྱེད་འབྱུང་ཁུངས་ལས་དབྱར་དགུན་སྟོན་དཔྱིད་བསྐྱལ་བའི་ལྟོ་གོས་འཛོམས་པའི་ཆ་རྐྱེན་བྱུང་ཞིང་། དེ་ལྟ་བའི་ཆ་རྐྱེན་ལས་བོད་མིའི་གསར་སྐྲུན་གྱི་འདུ་ཤེས་དང་རིག་སྒོ་ཕྱེ་ནས་སྤུ་རིགས་ཀྱིས་འཁེལ་ཐགས་གླང་སླས་ཀྱི་ཐོན་རྫས་སྐྲུན་པ་དང་། ཀོ་རིགས་ཀྱི་ལྷམ་དང་སྤྱོད་ཆས་གོ་ཁྲབ་སོགས་བཟོས་པ། ལྤགས་རིགས་ཀྱིས་དགུན་ལྭ་དགུན་ཆས་སོགས་བཟོ་བའི་དངོས་རིགས་ཀྱི་རྣམ་གྲངས་བྱུང་བ་ནི་བརྗོད་མི་དགོས་པའི་གནས་ཚུལ་ཞིག་ཡིན་ཕྱིར། ཏུན་ཧོང་གཏེར་ཡིག་གི་བཙན་པོའི་ལོ་རྒྱུས་ལས་ཀྱང་འདི་ལྟར་བྱུང་ཡོད་དེ། “བཙན་པོ་འི་པྱག་ཏུ་འདི་པུལ་ཆིག་ཆེས། ཞུ་གཡག་ཞུ་གཆིག་པྱག་རྒྱས་བཏབ་ནས་བསྐུར་རོ།།་་་་་་ཞུ་པྱག་རྒྱ་པྱེ་སྟེ། གཟིགས་ན། གཡུ་རྙིང་བཟང་པོ་སུམ་ཅུ་ཙམ་ཞིག་བྱུང་སྟེ།། བཙན་པོ་དགོངས་དགོངས་ནས། ཡུ་བུས་ལིག་མྱྀ་རྒྱ་ལ་རྒོལ་ཕོད་ན་ནི་གཡུ་ཐོགས་ཤིག། རྒོལ་མ་ཕོད་ན་ནི་བུད་མེད་དང་མཚུངས་ཞུ་གྱོན་ཆིག་ཟེར་བ་ལྟ།”ཞེས་བྱུང་བས། འདི་ལས་ང་ཚོས་ཤེས་ཐུབ་པ་ནི། བཙན་མོ་སད་མར་ཀར་གྱིས་ཡུལ་ཞང་ཞུང་ལུང་བ་ནས་སྲོང་བཙན་སྒམ་པོར་རྫས་འཕྲིན་དུ་བསྲིངས་པའི“གཡག་ཞུ”ཞེས་པ་དེ། “ཞུ”ནི་ཞྭ་སྟེ། “གཡག་ཞུ”ནི་རྒྱུ་ཆའི་འབྱུང་ཁུངས་གཡག་ལ་བརྟེན་པའི་བུད་མེད་ཀྱི་གྱོན་ཞྭ་ཞིག་ཡིན་པ་སྒྲ་དོན་གྱི་འབྲེལ་བར་བརྟག་ན་ཤེས་ཐུབ་ཅིང་། དུས་རབས་བདུན་པའི་དཀྱིལ་དུ་བྱུང་བའི་བོད་རིགས་བུད་མེད་རྣམས་ཀྱིས་ཆེད་དུ་གྱོན་པའི་ཞྭ་མོ་ཞིག་ཡིན་ཚོད་འདུག་ལ། གཡག་གི་རྩིད་པ་ལས་བཟོས་པའི་བོད་ཞྭའི་ཐོག་མའི་རྣམ་པ་འདྲ་མིན་ནམ་སྙམ། གཞན་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིས《དེབ་དཀར》དུ་བཀོད་པའི“སྲོང་བཙན་གྱིས་དར་དམར་པོའི་ཐོད”བཞེས་པ་དང་། “མངའ་རིས་ལ་དྭགས་སུ་ཆོས་རྒྱལ་གྱི་གདུང་རྒྱུད་དུ་གྲགས་པ་ད་ལྟའི་བར་ཡོད་པ་རྣམས་ནས། ལོ་གསར་གྱི་ཚེ་སྔོན་གྱི་ཆས་ཡིན་ཟེར་ནས་ཞྭ་དམར་བཙན་ཞྭའི་དབྱིབས་ཅན་རྩེ་མོ་མཐོ་ཞིང་ཕྲ་བའི་ཡས་ཟུར་དུ་ཚེ་དཔག་མེད་ཀྱི་སྐུ་བཪྙན་ཞིག་དར་དམར་གྱིས་བཅིངས་པའི་ལྷག་མ་མདུན་ནས་བསྣོལ་བསྒྲིགས་ཏེ་གྱོན་པ་རེད”ཅེས་གསུངས་པ་སོགས་ལ་བལྟས་ན་ཡི་གེར་བཀོད་ཡོད་པའི་བོད་ཀྱི་ཞྭ་མོ་ཐོག་མ་ནི་སྲོང་བཙན་གྱི་སྐུ་རིང་ལ་ཡོད་པར་འདོད། དེ་མིན་དཔལ་ལྡན་ས་སྐྱ་པའི་སྐབས་སུ་སོག་པོའི་གྱོན་ཆས་ཀྱི་ཤན་ཞུགས་པའི་ཏོག་ཞྭ། སྔར་འབར་མའི་ནང་བློན་ཆེན་མོ་དང་མི་དྲག་ཚོས་གྱོན་པའི་ཞྭའི་བཟོ་དབྱིབས་ལ་དཔེ་བླངས་ནས་དར་པའི་ཞང་ཞུའམ་གསེར་ཞྭ་སོགས་ནི་རྒྱལ་བློན་དཔོན་པོའི་ཞྭ་ཡིན་པར་སྣང་། རྒྱལ་བློན་དཔོན་པོའི་ཞྭ་མོའི་ནང་དུ་ཡང་ཐོབ་གོ་ས་དང་ལས་བགོས། དུས་ཚིགས་མི་འདྲ་བའི་ཞྭ་ཡོད་དེ། དཔེར་ན། ཞྭ་མོ་ལྕགས་མདའ་ནི་སྔར་བོད་ས་གནས་སྲིད་གཞུང་གི་དཔོན་གནས་རིམ་པ་བཞི་པ་ཡན་གྱིས་གྱོན་ཆོག་པའི་དབྱར་ཞྭ་ཞིག་ཡིན་པ་དང་། ཞྭ་འབོག་ནི་སྔར་བོད་ས་གནས་སྲིད་གཞུང་གི་ལས་ཀྱི་སྣེ་མོར་འཁོད་པ་རིམ་པ་ལྔ་པ་མན་གྱིས་གྱོན་རྒྱུའི་ཞྭ་མོ་སེར་པོ་སྒོར་སྒོར་ཞིག་ཡིན།

དཔོན་ཞྭའི་ཟུར་གཏོགས་སུ་བཞག་ཆོག་པའི་རྒྱུ་འབྱོར་དབང་ཐང་ཅན་གྱི་བཙུན་མོ་དང་སྲས་མོའི་ཞྭ་ལ་ཡིག་ཐོག་གི་ངེས་གཏན་མེད་མོད་ཀྱང་ཀུན་ཏུ་ཁྱབ་པའི་སྲོལ་རྒྱུན་ལྟར་ན་སྤ་ཕྲུག་དང་བྱུར་ཞྭ། སྤོས་ཞྭ་སོགས་ནི་མོ་ཞྭའི་མཆོག་ཏུ་བརྩི་སྲིད།སྤ་ཕྲུག་ནི་དབུས་གཙང་ས་ཆར་དར་ཆེ་བའི་མོ་ཞྭ་ཞིག་ཡིན་ཏེ་བྱུ་རུའི་སྤ་ཕྲུག་དང་མུ་ཏིག་སྤ་ཕྲུག་སོགས་རྒྱན་ཆ་མི་འདྲ་བ་བཞིན་དུ་མིང་ཡང་མི་མཚུངས་ལ་དབྱིབས་གཟུགས་ཀྱང་ཟླུམ་པོ་དང་རྭ་དབྱིབས། སུམ་ཚུགས་སོགས་སྣ་ཚོགས་ཤིག་ཡོད། ངག་རྒྱུན་དུ་སྤ་ཕྲུག་གི་དབྱིབས་ནི་ཨ་ཀྱོ་བས་ཁུར་བོ་འཁུར་བྱེད་ཀྱི་ཅོལ་ཙིའི་ཚུགས་ཀ་གཞིར་བཟུང་ནས་ལས་བར་བཤད་ལ། ཐོག་དང་པོར་ཙོང་ཁ་པ་དབུས་གཙང་དུ་ཕེབས་དུས་སུ་ཀུན་གྱི་དད་པའི་ཀློང་ལས་གསར་རྩོམ་གྱི་བློ་སྒོ་ཕྱེས་ཏེ་བྱུང་བར་གྲགས།

    མདོར་བསྡུས་ཏེ་བཤད་ན་བོད་ཞྭ་ནི་ལོ་རྒྱུས་འཕེལ་འགྱུར་གྱི་འགྲོས་དང་བསྟུན་ཏེ་དང་ཐོག་ཞྭ་མེད་པ་ནས་ཡོད་པར་གྱུར་པ་དང་རིམ་བཞིན་རྒྱུ་སྤུས་ཇེ་ལེགས། བཟོ་དབྱིབས་ཇེ་མཛེས་སུ་གྱུར་པ་ཞིག་སྟེ། རྨོག་ཅེས་པ་དམག་ཞྭ་གཙོ་བོ་ཡིན་ཏེ། དེང་སྐབས་ད་རུང་མཐོང་རྒྱུ་ཅུང་མང་། ཡུལ་ཤུལ་ཁུལ་གྱི་དགོན་པ་ཞིག་གི་ནང་དུ་གེ་སར་དང་ཚ་ཞང་འདན་མ་གཉིས་ཀྱི་རྨོག་ཡིན་ཟེར་བ་ཡོད་ལ། གཉིས་ཀར་ཁྱད་པར་ཆེན་པོ་མེད། དར་ལག་རྫོང་དུ་བཞེངས་ཡོད་པའི་གེ་སར་རྒྱལ་པོའི་སེང་འབྲུག་སྟག་རྩེའི་ཕོ་བྲང་ལས་དཔའ་རྟུལ་སུམ་ཅུའི་རྨོག་ཚང་མ་ཕལ་ཆེར་དབྱིབས་མཚུངས་ལ། གཙོ་བོ་གཙུག་དར་གྱི་མདོག་དང་གྲངས་ཀས་དམག་རུ་བཀར་བ་ཡིན་པར་སེམས།  ལྷ་སའི་ནོར་བུ་གླིང་ཁར་ཉར་ཚགས་བྱས་ཡོད་པའི་གསེར་རྨོག་དེ་སྲོང་བཙན་གྱི་ཡིན་པར་གྲགས་ཤིང་གསེར་མདོག་གི་གཟི་འོད་ཕྱོགས་ཀུན་ཏུ་འཕྲོས་འདུག དེང་སྐབས་ད་རུང་དངོས་སུ་མཐོང་རྒྱུ་ཡོད་པའི་བེམ་ཞྭ་ནི་རྨོག་འགྱུར་ནས་དར་བར་བཤད་ལ། དབྱིབས་རྣ་བཞི་དང་ཅུང་ཙམ་མཚུངས་ཤིང་བཟོ་བྱེད་ཀྱི་རྒྱུ་ནི་མཉེན་ཞིང་སྲ་ཐུབ་ཅན་ཞིག་ཡིན་ལ། དམངས་ཁྲོད་ནས་བསེ་ཐེབ་ཟེར། སྒྱུ་རྩལ་པའི་ཞྭ་ནི་དམངས་ཁྲོད་ཀྱི་ཟློས་གར་དང་འཆམ་ལ་སོགས་པའི་འཁྲབ་སྟོན་སྣ་ཚོགས། གཞན་ད་རུང་སྒྲུང་དང་ས་གནས་ཀྱི་རྩེད་མོ་མི་འདྲ་བའི་འཁྲབ་སྟོན་དགོས་དབང་དང་བསྟུན་པའི་གྱོན་ཞྭ་སྣ་ཚོགས་ཡིན། དཔེར་ན་ལྷ་མོ་ཟློས་གར་འཁྲབ་པའི་སྐབས་ཀྱི་ཞྭ་མོ་མང་ཆེ་ཤོས་འཚོ་བ་དངོས་གཞིར་བཞག་པའི་ཐོག་སྒྱུ་རྩལ་གྱི་རྟོག་བཏགས་ཚད་མཐོ་འབྲིང་བར་གསུམ་བྱས་ཏེ་རྒྱལ་པོའི་གསེར་ཞྭ། བཙུན་མོའི་གཡུ་ཞྭ། གཡོག་པོའི་ཕྱིང་ཞྭ་སོགས་གྱོན་ཡོད་ལ། འཆམ་གྱི་ནང་ནས་གཟུགས་བརྙན་མི་འདྲ་བའི་གདོང་འབོག་ཞྭ་དང་བཅས་པ་ཡང་སྐབས་སུ་བབས་པའི་དགོས་དབང་ལྟར་ཆ་ཚང་དུ་གྱོན་ཡོད། སྒྲུང་ཞྭ་ནི་གེ་སར་སྒྲུང་པ་ཚོའི་མཚོན་རྟགས་ཤིག་ཡིན། འབབ་སྒྲུང་ལ་མཚོན་ན་སྒྲུང་བཤད་པའི་སྐབས་སུ་སྒྲུང་ཞྭ་དམིགས་བསལ་ཅན་དེ་གོན་ཚེ་སྒྲུང་ལྷུག་པོར་བབས་ནས་བཤད་ན་ཚར་རྒྱུ་མེད་པ་དང་། ཡང《ཧོར་གླིང་གཡུལ་འགྱེད》ཀྱི་དེབ་སྨད་ཆའི་ནང་དུ་ཞྭ་མོར་བཤད་པ་བརྒྱབ་ཡོད་པའི་ཤོག་ངོས་ཉི་ཤུ་ལྷག་ཡོད། དེ་ཡང་གཙོ་བོ་ཞྭ་མོའི་འདྲ་དཔེ་བླངས་ཚུལ་ནས་བཟོ་པས་འཚེམ་བཟོ་བྱས་ཚུལ། དེ་ནས་གྱོན་ཚུལ་སྣ་ཚོགས་དང་དེ་དག་རེ་རེས་དོན་ཅི་ཞིག་མཚོན་པ་སོགས་རྒྱས་པར་བྲིས་ནས་སྒྱུ་རྩལ་པའི་ཞྭ་ཡི་ཚབ་དོད་ཀུན་གྱི་སྤྱན་སྔར་བཞེངས་ཡོད། དེར་བརྟེན་སྒྱུ་རྩལ་པའི་ཞྭ་མོའི་རྩེར་སོན་པའམ་ཚབ་བྱེད་རང་བཞིན་ལྡན་པ་ནི་སྒྲུང་ཞྭ་རེད་ཅེས་བཤད་ཆོག བླ་མ་དང་དགེ་འདུན་པ་རྣམས་ཀྱི་ཆོས་གོས་ནི་ཆོས་འདུལ་བའི་ལུགས་ལྟར། སྟོན་པ་ཤཱཀྱ་ཐུབ་པའི་ན་བཟའི་བཟོ་དབྱིབས་དང་། ཡུལ་གྱི་གནམ་གཤིས་ལ་བརྟེན་ནས་སྣམ་བུས་བཟོས་པ་དང་རྗེས་སུ་རྒྱས་སྤྲོས་བྱས་ཏེ་གོས་ཆེན་སོགས་སུ་གྱུར་པར་སེམས་ལ། དགེ་སློང་གི་འཚོ་བའི་ཡོ་བྱད་བཅུ་གསུམ་གྱི་ནང་དུ་ཞྭ་མེད་གསུངས། ཡིན་ཡང་། རྒྱ་བལ་གྱི་པཎ་གྲུབ་རྣམས་ཀྱིས་ཞྭ་དམར་རམ་པཎ་ཞྭ་སྣེ་རིང་ལ་སོགས་པ་བཞེས་པ་ལྟར། བོད་ལ་ཡང་པཎ་ཞྭ་དང་རྒྱལ་བ་རིགས་ལྔའི་དབུ་ཞྭ། བོན་ཞྭ། འབོ་ཞྭ། སྒོམ་ཞྭ། ཇོ་ཞྭ། བྱང་ཆུབ་སེམས་ཞྭ། གཅོད་ཞྭ། ཐང་ཞྭ། ཞྭ་ཟླུམ། ས་ཞྭ། ཞྭ་ནག པད་ཞྭ། རྩེ་ཞྭ་སོགས་བཟོ་དབྱིབས་མི་འདྲ་བ་སྣ་ཚོགས་ཤིག་དར་འདུག རྩེ་ཞྭ་ལ་ཡང་སྒྲོ་རྩེ་མ་དང་བླ་མ་སྒྲོ་རྩེ། སྒྲོ་ལུགས་བཅས་ཚོས་གཞི་སེར་པོ་དང་དམར་པོ་གཉིས་སུ་འདུག སྔར་སེ་འབྲས་དགའ་གསུམ་གྱི་གྲྭ་ཚང་མཁན་པོའི་གསོལ་དཔོན་གྱི་ཞྭ་མོ་སྟེ་ཞྭ་ཙོག་ཞྭ་དཀར་ནི་སྔར་བོད་ཀྱི་རྩེ་དྲུང་གི་མཛད་སྒོར་གྱོན་རྒྱུའི་དབྱར་ཁའི་ཞྭ་མོ་ཡིན་ལ། གྲྭ་པ་རྣམས་ཀྱིས་དབྱར་ཁ་གྱོན་པའི་ཞྭ་ཞིག་ཀྱང་ཡིན།

    སྤྱིར་བླ་གྲྭ་རྣམས་ལ་དབུ་ཞྭ་མེད་མོད་ཀྱང་དགོས་དབང་ག་གེ་མོར་བརྟེན་ནས་དར་ཞིང་། དེང་སྐབས་གྲུབ་མཐའ་མི་འདྲ་བའི་མཚོན་རྟགས་སུ་གྱུར་འདུག་པ་ཡང་ཡོད་པ་དཔེར་ན། དགེ་ལུགས་པ་ལ་ཞྭ་སེར་བ་ཡང་ཟེར་ཞིང་། རྒྱུ་མཚན་ནི་སྔོན་གྱི་འདུལ་འཛིན་པ་རྣམས་ཀྱིས་དབུ་ཞྭ་སེར་པོ་མནབས་ཤིང་། ཕྱིས་སུ་འདུལ་བའི་ལུགས་སྲོལ་ཉམས་པ་གསོ་ཕྱིར་བུ་སྟོན་རིན་ཆེན་གྲུབ་ཀྱིས་སྲོལ་བཏོད་པ་དང་རྗེ་ཙོང་ཁ་བ་བློ་བཟང་གྲགས་པས་དར་རྒྱས་ཆེ་བར་གཏོང་ཆེད་དབུ་ཞྭ་སེར་པོ་མནབས་པར་བརྟེན་དེ་ལྟར་གྲགས་པ་རེད།

    ཞྭ་ནག་ནི་དགོན་པའི་གར་འཆམ་ལ་སོགས་པའི་སྐབས་སུ་གྱོན་ཞིང་སྔགས་པ་ཕུར་ཐོགས་ཅན་གྱི་ཞྭ་མོ་ཞིག་ཀྱང་ཡིན། ཞྭ་ནག་པ་ནི་ཀརྨ་པཀྵི་ལ་ཧོར་རྒྱལ་པོས་ལས་ཀའི་ཞྭ་ནག་གསེར་མདོག་ཅན་ཞིག་གནང་བས་དེའི་སྐྱེ་བརྒྱུད་རྣམས་ལ་ཞྭ་ནག་ཅན་དུ་གྲགས། གཞན་ཡང་ཀརྨ་པ་དུས་གསུམ་མཁྱེན་པ་དགུང་ལོ་བཅུ་དྲུག་སྐབས་མཁན་པོ་མཆོག་གི་བླ་མ་ལས་རབ་བྱུང་གི་སྡོམ་པ་བཞེས་པའི་ཚེ་ཡེ་ཤེས་ཀྱི་ཊ་ཀི་མ་དང་དཔལ་འཁོར་ལོ་སྡོམ་པའི་ལྷ་ཚོགས་ཀྱི་མཁའ་འགྲོའི་དབུ་སྐྲ་ལས་བྱས་པའི་ཞྭ་ནག་གི་ཅོད་པཎ་བཅིངས་པ་ཡིན་ཞེས་གཞན་ལས་ཁྱད་དུ་འཕགས་པའི་དབུ་ཞྭ་ཞིག་ཡོད་པ་དང་། ཡང་དྲུང་དེ་བཞིན་གཤེགས་པ་དང་བྱམས་ཆེན་ཆོས་རྗེའི་དབུ་ཞྭ་ནག་པ་དེ་ནི་ཏཱ་མིང་རྒྱལ་རབས་ཡུང་ལོའི་སྐབས་རྒྱ་ནག་གི་རྡའོ་སེ་ཞེས་པའི་བླ་མེན་ཚོའི་ཞྭ་མོ་ལ་དཔེར་བྱས་ཏེ་བཟོས་ནས་ཕུལ་བར་གྲགས།

ཞྭ་དམར་པ་ཞེས་པ་ཡང་རབ་བྱུང་དྲུག་པའི་སྐབས་སུ་ཀརྨ་རང་བྱུང་རྡོ་རྗེའི་དངོས་སློབ་རྟོགས་ལྡན་གྲགས་པ་སེང་གེ་ལ་ཧོར་རྒྱལ་པོས་ལས་ཞྭ་དམར་པོ་གནང་བས་དེའི་བླ་བརྒྱུད་ལ་ཞྭ་དམར་བ་ཟེར།

བླ་མ་དང་དགེ་འདུན་པའི་དབུ་ཞྭ་སྣ་མང་ཞིང་རིགས་མི་འདྲ་ཡང་རེ་རེ་བཞིན་ཚུལ་ལྡན་ཆོས་པའི་བརྟན་བརླིང་བབ་ཆགས་དང་དྲི་མས་མ་གོས་པའི་ཁྱད་ཆོས་ལྡན་པར་མ་ཟད། མཚོན་བྱ་མཚོན་བྱེད་ཀྱི་གཏམ་རྒྱུད་སྙན་མོ་ཡང་འདྲེན་རྒྱུ་ཡོད་པས་ཅི་འདོད་དུ་བཟོས་པ་ཞིག་གཏན་ནས་མིན། ཞྭ་མོ་དེ་དག་གི་བྱེད་ལས་ཀྱང་གྲུབ་མཐའི་རིགས་སམ་དགེ་འདུན་པའི་ཐོབ་དང་གོ་ས། ཆོས་ཀྱི་མཛད་སྒོའམ་ཆོ་ག་མི་འདྲ་བ་དག་རྣམ་པར་མཚོན་པས་མི་ཚད། ད་དུང་ཆོས་ཕྱོགས་ཀྱི་དགོངས་དོན་ཟབ་མོ་སྟོན་གྱིན་འདུག

    ས་སྐྱ་པ་ལ་གཏམ་རྒྱུད་ངོ་མ་ཞིག་ཡོད་དེ་ས་སྐྱ་གོང་མ་རྣམ་པས་ཐོག་མ་ནས་པཎ་ཞྭའམ་སྡེ་སྣོད་གསུམ་གྱི་དབུ་ཞྭ་མནབས་ཡོད་མོད་ཀྱང་ས་སྐྱ་བསོད་ནམས་རྩེ་མོས་ས་ཆེན་ཀུན་དགའ་སྙིང་བོར་མྱ་ངན་ཞུ་ཆེད་ཞྭ་རྩེ་བཅད་པ་རེད། དེའི་རྗེས་ཀྱི་ས་སྐྱ་པཎྚི་ཏས་ཀྱང་དབུ་རྩེ་མེད་པའི་པཎ་ཞྭ་མནབས་འདུག ས་ཆེན་ཀུན་དགའ་བཟང་པོའི་དུས་སུ་བསྟན་པ་སླར་ཡང་དར་བའི་རྟེན་འབྲེལ་གྱི་ཆེད་དུ་ཞྭ་ལུང་ཡར་ཐོད་དུ་བསྣོལ་ཞིང་། ཐབས་ཤེས་གཉིས་ལྡན་ལས་ཐབས་གཙོ་བོ་འཛིན་པ་ན་ཞྭ་ལུང་གཡས་མ་གཡོན་ཐོག་ཏུ་བསྣོལ་བ་དང་། དེ་ལས་ལྡོག་སྟེ་ཤེས་རབ་གཙོ་ཆེ་ན་ཞྭ་ལུང་གཡོན་མ་གཡས་ཐོག་ཏུ་སྣོལ་བའི་སྲོལ་དར།

ང་ཚོའི་བོད་མི་རིགས་ཀྱི་གྱོན་ཆས་ཞྭ་དང་བཅས་པ་ནི་དུས་ཡུན་རིང་པོའི་འཚོ་བའི་ཁྲོད་རང་གི་རིག་གནས་ཁྱབ་ཁོངས་སུ་དར་མགོ་ཚུགས་པ་དང་ཕུན་ཚོགས་སུ་འཕེལ་བས་ཞྭ་མོའི་དབྱིབས་གཟུགས་དང་རྒྱུ་སྤུས། དེ་དང་འབྲེལ་བའི་རྒྱན་ཆ་སོགས་ལས་དུས་ཀྱི་ཁྱད་ཆོས་དང་འགྱུར་བ་མཚོན་ཡོད་ལ། མི་ཡི་འདུ་ཤེས་དང་དགའ་ཕྱོགས་ཀྱང་མངོན་ཡོད་ཟེར་བ་ལྟར། བོད་འདིར་ཞྭ་མོའི་བྱེ་བྲག་ཧ་ཅང་མང་པོ་ཡོད་པའི་ནང་ལ་ལ་ནི་ཐོན་ཡུལ་གྱི་ངོས་ནས་བརྗོད་པ་དང་ལ་ལ་ནི་གང་ཟག་ལ་སྦྱར་ནས་མིང་བཏགས་ཡོད་པ་རེད། དཔེར་ན། དེ་སྔ་ལྷ་སའི་བུད་མེད་ཅུང་རྒན་པ་ཚོས་དབྱར་ཁ་ཞྭ་མོ་སྐལ་བཟང་བསིལ་གཡབ་ཅེས་པ་སྨྱུག་མའི་རྩིབས་རུས་ཅན་ལ་རྒྱུ་ཐེར་མ་དང་གོས་ཆེན་ཅི་རིགས་ལ་དཔྲལ་བའི་མདུན་ཕྱོགས་སུ་ཉི་སྒྲིབ་ཡོད་ཅིང་ཨོག་སྒྲོག་གིས་བཅིངས་པ་ཞིག་གྱོན་གྱི་ཡོད། དེ་ནི་ཏཱ་ལའི་བླ་མའི་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་དུས་སུ་དར་བར་གྲགས་པས་དེ་ལྟར་ཐོགས། ད་དུང་རྙིང་མ་བའི་བླ་སྤྲུལ་གྱི་ཁྲོད་དུ་དབུ་རྒྱན་པད་ཞྭ་ཞེས་པའི་དབུ་ཞྭ་དམིགས་བསལ་ཅན་ཞིག་ཡོད་པ་དེ་ནི་ཨོ་རྒྱན་པད་མ་འབྱུང་གནས་ལ་ཟ་ཧོར་རྒྱལ་པོས་ཕུལ་བའི་དབུ་ཞྭའི་ཞྭ་དབྱིབས་དངོས་སམ་ཆ་འདྲ་བས་ཡིན་ལ། སོག་ཞྭ་སོགས་ཀྱང་རྒྱུ་མཚན་དེ་ལས་མ་འདས། ཡུལ་དུས་ཀྱི་དབང་དུ་བརྗོད་ན། ཕུའི་འབྲོག་པ་རྣམས་ཀྱིས་ཞྭ་མོ་ཝ་ཞྭ་དང་ལུ་གུའི་ཚ་རུའི་ཞྭ་མོ་སོགས་གྱོན་པ་དང་། མདའི་རོང་པ་ཚོས་ཕྱིང་ཞྭ་དང་སྣམ་ཞྭ་སོགས་གྱོན་པ་མང་། བོད་ཤར་ལྷོའི་མི་ཚོས་ཞྭ་མོ་རྩྭ་ཞྭ་དང་སྨྱུག་ཞྭ་སོགས་གྱོན་རྒྱུར་དགའ་པོ་ཡོད་པ་ནི་ཐོན་ཁུངས་དང་གནམ་གཤིས་གཉིས་ཀར་འབྲེལ་བ་ཆེན་པོ་ཡོད། གང་ལྟར་བོད་ཀྱི་བཙན་པོ་རིམ་བྱོན་གྱིས་རྣམ་ཀུན་ལ་ཐོད་བཞེས་པ་དང་། དགྲ་དང་འཐབ་སྐབས་དབུ་རྨོག་བཞེས་པ་ནས་བཟུང་བོད་འདིར་ཞྭ་མོའི་རྣམ་གྲངས་གྲངས་མེད་དར་བས་ད་ཆ་ངོས་འཛིན་ཐུབ་པའི་ཞྭ་མོ50ལྷག་ཙམ་ཡོད་པ་ནི་འཛམ་གླིང་མི་རིགས་འདྲ་མིན་ཁྲོད་དུ་གཉིས་སུ་མེད་པ་ཞིག་ཡིན་ལ། ཞྭ་མོ་དང་འབྲེལ་བའི་སྒྲུང་གཏམ་དང་ཞྭ་བཤད་སོགས་ཕུན་སུམ་ཚོགས་པོ་ཡོད། ཞྭ་མོའི་རིག་གནས་ནི་སྐར་ཆེན་ཞིག་དང་འདྲ་བར་ཁ་བའི་ལྗོངས་ཀྱི་མཚན་དགུང་དུ་ནམ་ཡང་བཀྲག་མདངས་ལྷམ་མེར་འཚེར་བཞིན་ཡོད།

    མདོར་ན་བོད་མི་རིགས་འདིས་འཇིག་རྟེན་གོ་ལ་ཟླུམ་པོའི་ཡང་སྟེང་ནས་ཀྱག་ཀྱོག་གི་ལམ་ཕྲན་མང་པོ་བརྒལ་མཐར་སྔ་ན་མེད་པའི་ཤེས་རིག་གི་འོད་སྣང་གསལ་པོར་སྦར་ཡོད་ལ། བོད་མི་རིགས་ཀྱི་བསམ་བློའི་ཉིང་བཅུད་ལས་ཐོན་པའི་གྱོན་ཆས་རིག་གནས་ཁྱད་མཚར་བགྲང་གིས་མི་ལང་བ་དང་སྒོས་སུ་བོད་ཞྭའི་རིག་གནས་ནི་རྒྱ་ཆེ་ལ་གྱ་ནོམ་པ་ཞིག་ཡིན། རྩ་བ་དོར་ནས་རྩེ་མོར་འཇུ་བའི་དཔེ་ལྟར་བོད་ཞྭའི་རིག་གནས་སྐོར་རགས་བཤད་ཙམ་བྱས་པ་ལས་རྒྱས་འབྲི་བྱེད་པར་ཁོ་བོ་ཙམ་གྱིས་མི་ནུས་མོད། ཡིན་ནའང་སྔོན་གྱི་སྲོལ་ལུགས་མ་འགྱུར་བར་གནས་པའི་རོང་འབྲོག་ས་ཁུལ་གྱི་ཤུལ་བཞག་རིག་གནས་ངོ་མཚར་ཅན་མང་པོར་སྣང་འཇོག་དང་རྒྱུན་འཛིན། སྲུང་སྐྱོབ་དང་སླར་གསོ་ལ་འབད་དགོས་པ་ནི་ཅི་ནས་ཀྱང་གལ་ཆེ་སྙམ་མོ།།