རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-20   རྩོམ་ཁུངས།    ཞིན་ཧྭ་དྲ་བ།
ཟླ་1ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་ནས་འགོ་འཚུགས་ཏེ་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ནུབ་རྒྱུད་དང་ལྷོ་རྒྱུད་ས་ཁུལ་དུ་ཁ་བ་ཆེན་པོ་འབབ་པའི་གནམ་གཤིས་བསྟན་པ་དང་། ཚེས་18ཉིན་གྱི་སྔ་དྲོ། སྐྱིད་རོང་རྫོང་དང་། གཉའ་ལམ་རྫོང་སོགས་ཁ་བ་བབས་པའི་གཅིག་འདུས་ས་ཁུལ་དུ་ཁ་བ་བབས་མཚམས་ཆད་པ་དང་། སྐྱིད་རོང་རྫོང་དང་གཉའ་ལམ་རྫོང་དུ་ཚད་གཞི་མི་འདྲ་བའི་འགྲིམ་འགྲུལ་དང་། གློག་ཆད་པའི་གནས་ཚུལ་ཐོན་ཡོད་ཅིང་། མིག་སྔའི་བར་མི་སྣ་དང་སྒོ་ཕྱུགས་ཤི་རྨས་ཀྱི་སྙན་ཞུ་འབྱོར་མེད། ཁ་བ་ཆེན་པོ་བབས་པའི་གཅིག་འདུས་ས་ཁུལ་གྱི་འགྲིམ་འགྲུལ་ཤར་གཏོང་འགན་ལེན་དང་། གློག་ཤུགས་སླར་གསོ་བྱེད་པའི་དུས་མཚམས་སུ་སླེབས་ཡོད།
གསར་འགོད་པས་སྐྱིད་རོང་རྫོང་སྲིད་གཞུང་ནས་ཤེས་རྟོགས་བྱུང་གསལ། སྐྱིད་རོང་རྫོང་གྲོང་གི་ཁ་བ་ཚེས་18ཉིན་གྱི་སྔ་དྲོ་བབས་མཚམས་ཆད་པ་དང་། རྫོང་གྲོང་དུ་ཁ་བའི་མཐུག་ཚད་ལི་སྨི་20ཙམ་ཟིན་ཡོད་ཅིང་། རྫོང་ཡོངས་ཀྱི་ཆ་སྙོམས་ཁ་བའི་མཐུག་ཚད་ཟབ་ཤོས་ཀྱི་ས་ལེབ་ཤང་དུ་ཁ་བ་གསོག་ཚད་ལི་སྨི་75ཟིན་ཞིང་། 214རྫོང་ལམ་ནས་རྫོང་གྲོང་དུ་བསྐྱོད་པའི་ལམ་བུ་མིག་སྔར་ཁྱོན་ཡོངས་ནས་འགྲིམ་འགྲུལ་བཀག་སྡོམ་བྱས་ཡོད་པ་དང་། རྫོང་གྲོང་ནས་སྐྱིད་རོང་གྲོང་རྡལ་བར་གྱི་ལམ་བུ་ཆད་ཡོད། རྫོང་ཨུད་དང་རྫོང་སྲིད་གཞུང་གིས་གོང་གི་གཞུང་ལམ་མྱུར་བཟོ་བྱེད་བཞིན་ཡོད་པ་རེད།
སྐྱིད་རོང་རྫོང་དུ་ཁང་པ་རྡིབ་པ་དང་། མི་སྣ་དང་སྒོ་ཕྱུགས་ཤི་རྨས་སམ། གར་སོང་ཆ་མེད་དུ་འགྱུར་བའི་གནས་ཚུལ་ཐོན་མེད་ཅིང་། ཁ་བ་ཆེན་པོ་མ་བབས་གོང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་འཕྲལ་སྐྱོབ་ཟས་རིགས་དང་། འབུད་ཤིང་། གཟན་རྩྭ་སོགས་ཤང་དང་གྲོང་རྡལ་6ལ་སྤྲད་ཡོད་པ་རེད།
གསར་འགོད་པས་གཉའ་ལམ་རྫོང་སྲིད་གཞུང་ནས་ཤེས་རྟོགས་བྱུང་གསལ། རྫོང་ཡོངས་སུ་འབབ་པའི་ཁ་བ་ཚེས་18ཉིན་གྱི་སྔ་དྲོ་བབས་མཚམས་ཆད་ནས། གནམ་དྭངས་ཡོད་ཅིང་། རྫོང་ཡོངས་ཀྱི་ཁ་བའི་མཐུག་ཚད་ཆེ་ཤོས་ནི་རྫོང་གྲོང་གནས་སའི་གཉའ་ལམ་གྲོང་རྡལ་ཡིན་ཞིང་། མིག་སྔར་ཆ་སྙོམས་ལི་སྨི་85ཟིན་ཡོད། ཁ་བ་བབས་ཚད་ཆེ་ཤོས་ནི་ཚེས་17ཉིན་གྱི་ཆུ་ཚོད་20ཡི་ཐོག་ཡིན་ཞིང་། ད་དུང་དྲག་རླུང་རིམ་པ་7ནས་8བར་ལྡང་ཡོད། གཞན་ཡང་ཤང་དང་གྲོང་རྡལ་གཞན་ཁག་གི་ཁ་བའི་མཐུག་ཚད་ལི་སྨི་15མན་ཡིན་པ་རེད།
མིག་སྔའི་བར། གཉའ་ལམ་རྫོང་དུ་མི་སྣ་དང་སྒོ་ཕྱུགས་ཤི་རྨས་ཀྱི་གནས་ཚུལ་ཐོན་མེད་ཅིང་། དངོས་ཟོག་མཁོ་འདོན་འདང་ངེས་ཡོད་པ་རེད།