རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
བདེ་ཆེན་ཉིན་རེའི་ཚགས་པར་ཁང་བོད་ཡིག་སྡེ་ཁག་གི་རྩོམ་སྒྲིག་པ་ཡོངས་ཀྱིས་རྒྱ་ཆེའི་རོང་འབྲོག་མང་ཚོགས་དང་དྲ་གྲོགས་ལྷན་རྒྱས། བོད་ཆོལ་ཁ་གསུམ་དང་རྒྱལ་ཁབ་ཕྱི་ནང་ཀུན་ན་ཡོད་པའི་བོད་རིགས་སྤུན་ཟླ་ཡོངས་ལ་བོད་ལྕགས་བྱི་ལོའི་བོད་ལུགས་ལོ་གསར་དང་དཔྱིད་གསར་དུས་ཆེན་ལ་བཀྲ་ཤིས་སྨོན་འདུན་ཞུས་པ་ཡིན།
གནམ་ལོ་གསར་ཚེས་བཀྲ་ཤིས་ཤོག།
བཀྲ་ཤིས་ཆ་འཛོམས་ཉིན་མོ་འདིར།།
བཀྲ་ཤིས་དུང་དཀར་འབུད་ནས་གནམ་ལོ་བསུ།།
བཀྲ་ཤིས་དཔལ་བེའུ་འཁྱུད་ནས་གནམ་ལོ་བསུ།།
བཀྲ་ཤིས་བསང་ཆེན་ཕུད་ནས་གནམ་ལོ་བསུ།།
དགུང་ལ་ཉི་ཟླ་སྐར་གསུམ་གྱི་མཆོད་པ་མཛེས་སོང་།།
ས་ལ་དགེ་ལེགས་ཕུན་ཚོགས་ཀྱི་རི་མོ་མཛེས་སོང་།།
གནམ་ལོ་གསར་ཚེས་ཀྱི་ཉིན་མོ་འདིར།།
སྐྱ་རེངས་བུ་མོ་ཤར་རིའི་རྩེ་ནས་རེ་བ་དང་དྲོད་སྣང་ཁེངས་ནས་བཀྱགས་བྱུང་།།
དགེ་བཅུའི་དཔལ་ཡོན་ལེགས་པར་འཛོམས་པའི་འཛིན་མའི་ཁྱོན།།
གསར་བའི་ལོ་ཞལ་དགེ་ལེགས་ཕུན་ཚོགས་མངོན་པ་རྨད།།
དཔྱིད་གསུམ་དུས་ལ་རྩི་ཤིང་མེ་ཏོག་རྒྱས་པའི་བཀྲ་ཤིས་ཤོག།
དབྱར་གསུམ་དུས་ལ་དཀར་བོ་འོ་མ་འཁྱིལ་བའི་བཀྲ་ཤིས་ཤོག།
སྟོན་གསུམ་དུས་ལ་ལོ་ལེགས་སྙེ་མ་སྨིན་པའི་བཀྲ་ཤིས་ཤོག།
དགུན་གསུམ་དུས་ལ་མི་རྣམས་དྲོད་ཁོལ་འཛོམས་པའི་བཀྲ་ཤིས་ཤོག།
སྟོད་ཕྱོགས་འབྲོག་ལ་བཀྲ་ཤིས་བདེ་ལེགས་ཤོག།
སྨད་ཕྱོགས་རོང་ལ་བཀྲ་ཤིས་བདེ་ལེགས་ཤོག།
སྐྱེ་འགྲོ་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཤོག།
བཀྲ་ཤིས་གཡང་གི་ལོ་གསར་ཉིན་མོ་ལ།
ཁ་བ་གངས་རིའི་ལྗོངས་ཀྱི་ནང་མི་ཚོར།
མི་ལ་ན་ཚ་མེད་པའི་བཀྲ་ཤིས་ཤོག
ཕྱུགས་ལ་གོད་ཁ་མེད་པའི་བཀྲ་ཤིས་ཤོག
ཚེ་སྲོག་བྲག་ལས་བརྟན་པའི་བཀྲ་ཤིས་ཤོག
བདེ་སྐྱིད་ལྷ་དང་མཉམ་པའི་བཀྲ་ཤིས་ཤོག
ལོངས་སྤྱོད་ཀླུ་དང་མཉམ་པའི་བཀྲ་ཤིས་ཤོག
ཆར་ཆུ་དུས་སུ་འབེབས་པའི་བཀྲ་ཤིས་ཤོག
ཞིང་ལ་ལོ་ལེགས་འབྱུང་བའི་བཀྲ་ཤིས་ཤོག
མདོར་ན་སྣོད་བཅུད་ཕུན་སུམ་ཚོགས་པ་དང་།
ཕྱྭ་གཡང་དགེ་ལེགས་མ་ལུས་འབྱུང་བ་ཡི།
བཀྲ་ཤིས་རི་མོ་མི་འགྱུར་བརྟན་པར་ཤོག
ཁྱེད་ཅག་གིས་དུས་དང་རྣམ་པ་ཀུན་ཏུ་ངེད་བདེ་ཆེན་བོད་ཡིག་ཚགས་པར་དང་། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། བདེ་ཆེན་བོད་ཡིག་འཕྲིན་སྦྱོར་སྟེགས་བུ།སེམས་ཀྱི་ཉི་ཟླAPPབཅས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་ལོ་གསར་བའི་ནང་མུ་མཐུད་དུ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་རྒྱུར་གུས་པའི་ཐལ་མོ་སྦྱར།བཀྲ་ཤིས་བདེ་ལེགས།