རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-03   རྩོམ་ཁུངས།    ཀྲུང་གོའི་བོད་སྐད་རྒྱང་སྒྲོག
པ ཏོག་དབྱིབས་ནད་དུག་གསར་པ་འགོས་པ་ལས་བྱུང་བའི་གློ་ཚད་རིམས་ནད་ལ་ཀྲུང་དབྱང་དང་ས་གནས་ཁག་གི་རིམས་འགོག་སྨན་དོན་སྡེ་ཁག་དང་མི་སྒེར་སོ་སོས་ནུས་པ་བླ་ལྷག་བཏོན་ནས་ནད་དུག་དང་འཐབ་འཛིང་བྱེད་བཞིན་ཡོད། འོན་ཀྱང་ད་ལྟ་ནི་ལོ་སར་གྱི་གུང་གསེང་མཇུག་འགྲིལ་ནས་རྒྱལ་ཡོངས་ལས་རིགས་སོ་སོའི་མི་རྣམས་ལས་ལས་གནས་ཐོག་ལོག་བཞིན་པའི་སྐབས་དང་ཏག་ཏག་འཁེལ་འདུག་པས། ལས་གནས་ཐོག་ལོག་པའི་ལམ་བར་དང་། སླེབས་རྗེས་ཇི་ལྟར་བྱས་ནས་ནད་ཡམས་སྔོན་འགོག་བྱ་དགོས་སམ།
གཅིག མི་སུ་དང་གང་གིས་ཀྱང་ལས་གནས་ཐོག་ལོག་པའི་ལམ་བར་དུ་ཐོག་མཐའ་བར་གསུམ་དུ་ཁ་ཐུམ་མམ་ཁ་རས་རྒྱག་དགོས་ཏེ། གནམ་གྲུ་དང་མེ་འཁོར། སྒེར་འཁོར་སོགས་འགྲིམ་འགྲུལ་ཡོ་བྱད་གང་ལ་བསྡད་ཀྱང་ཚད་ལྡན་གྱི་ཁ་ཐུམ་རྒྱག་དགོས་པ་དང་། ནད་དུག་འགོས་མཁན་དང་ཐད་ཀར་འབྲེལ་འདྲིས་མེད་པ་ཚོས་N95རྟགས་ཅན་གྱི་ཁ་ཐུམ་རྒྱག་དགོས་པའི་དགོས་པ་ཆེར་མེད།
གཉིས། ཕྱི་ནས་ཁྱིམ་དུ་ལོག་པ་དང་ཟ་མ་མ་ཟོས་གོང་ལག་པ་གཙང་མར་འཁྲུ་རྒྱུ་དང་ལག་པ་འཁྲུ་སྐབས་རྒྱ་སྐད་དུ་ཅུའུ་ཅིང་སྟེ། བོད་སྐད་དུ་ཆང་བཅུད་ཅེས་པ་དེ་བསྲེས་པའི་ལག་འདག་ཆུ་དང་འདག་རྫས་བེད་སྤྱོད་བྱེད་རྒྱུ་གལ་ཆེ།
གསུམ། ཧབ་སྦྲིད་རྒྱག་སྐབས་ལག་པ་གཙང་མ་མིན་ན་ཁ་སྣར་རེག་མི་རུང་ཞིང་གལ་ཏེ་ཧབ་སྦྲིད་རྒྱག་དགོས་ཚེ་གྲུ་མོ་དང་ལྭ་བས་ཁ་སྣ་འགེབ་དགོས།
བཞི། དུག་སེལ་སྤྱོད་ཆས་ཡུལ་དུས་ངེས་མེད་དུ་འཁྱེར་རྒྱུའང་གལ་ཆེ། མེ་འཁོར་དང་སྤྱི་སྤྱོད་རླངས་འཁོར། ས་འོག་མེ་འཁོར་དུ་འདུག་པ་སོགས་གང་ཡིན་རུང་དུག་སེལ་གཤེར་ཁུ་དང་དུག་སེལ་ཤོག་བུ་རློན་པ་སོགས་འཁྱེར་དགོས། འོན་ཀྱང་། གནམ་གྲུར་སྡོད་སྐབས་ཆང་བཅུད་འདྲེས་པའི་དུག་སེལ་སྤྱོད་ཆས་འཁྱེར་མི་རུང་མོད། ཡིན་ཡང་དུག་སེལ་ཤོག་བུ་རློན་པ་འཁྱེར་ན་ཆོག གསལ་འདེབས་བྱ་རྒྱུ་ཞིག་ལ་རང་གནས་སུ་ཆེད་སྤྱོད་དུག་སེལ་ཡོ་བྱད་མེད་ཚེ་དེ་འདྲའི་སྟབས་བདེ་ཅན་གྱི་ཡོ་བྱད་སྤྱད་ནས་ཁྱིམ་དུ་དུག་སེལ་བྱས་ཆོག
ལྔ། དམིགས་བསལ་དུ་ཞུ་དགོས་པ་ཞིག་ནི་ལས་གནས་སམ་ལས་ཀ་བྱ་ཡུལ་དུ་ལོག་མཁན་ དག ནད་དུག་འགོས་ཁྱབ་བྱུང་བའི་ས་ཁུལ་ནས་ཐོན་པ་ཡིན་ན་ཕྱིར་ལས་གནས་སུ་སོང་རྗེས་རང་གི་འདུག་གནས་སུ་ངེས་པར་དུ་ཉིན་༡༤རིང་ལ་རང་ཉིད་བཀག་སྡོམ་བྱ་རྒྱུ་དང་། ཕྱིར་འགྲོ་དགོས་ན་རང་ཉིད་གཅིག་པུས་ཁ་ཐུམ་བརྒྱབ་ནས་འགྲོ་རྒྱུ་དང་ཁྱིམ་ནས་ཁྱིམ་མི་དང་ཡང་འབྲེལ་འདྲིས་ཉུང་ཙམ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་རེད།
དྲུག དུས་མཚམས་འདིར་ང་ཚོ་མི་སུ་ཡིན་རུང་སེམས་ལ་འཛིན་རྒྱུའི་ཚིག་དང་རུམ་ལ་བསྡུ་རྒྱུའི་བྲོ་ལྟ་བུ་ཞིག་ཡོད་པ་ནི་མི་ཚོགས་མང་ས་དང་གློག་བརྙན་ཁང་། དྲ་ཁང་། ཆུ་ཚན། འགྲེམ་སྟོན་ཁང་སོགས་སུ་མ་ཕྱིན་ན་བཟང་ཞིང་དེ་ནི་ཉིད་ཀྱིས་བདག་གཞན་ཀུན་ལ་སྲུབ་སྐྱོབ་དང་རང་གཞན་གཉིས་ཀར་འགན་ཁུར་བའི་བྱ་ཐབས་གལ་ཆེན་ཞིག་རེད།