བོད་རྒྱ་སྐད་གཉིས་ཤན་སྦྱར་གྱི་རིམས་འགོག་དཔེ་ཚོགས་ཏེ་ཚན་རིག་ཁྱབ་སྤེལ་ཀློག་དེབ་ཀྱི་གློག་རྡུལ་པར་མ་དང་ཤོག་དཔར་མ་གཉིས་དུས་མཉམ་དུ་དཔེ་སྐྲུན་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-07   རྩོམ་ཁུངས།    སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

    ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འབྱུང་བ་ཚབས་ཇེ་ཆེར་ཕྱིན་ཏེ་ད་ལམ་བོད་ཁུལ་དུ་འགོ་ཁྱབ་འགྲོ་བཞིན་པའི་སྐབས་འདིར། བོད་ཀྱི་ལས་བྱེད་མང་ཚོགས་ཀྱི་རང་སྲུང་འདུ་ཤེས་ཉིན་རེ་བཞིན་ཇེ་དྲག་ཏུ་འགྲོ་ཞིང་ཡོད་ནའང་། ཤ་འོད་བརྡོལ་བ་ལྟ་བུའི་ཛ་དྲག་གི་ཆ་འཕྲིན་སྣ་ཚོགས་ཀྱིས་མིག་དབང་འཕྲུལ་བར་བྱས། དེའི་ཁྲོད་དུ་འདྲེས་པའི་ཁུངས་མེད་དཀྲོག་གཏམ་རིགས་ཀྱང་རེ་ཞིིག་འགོག་ཐབས་བྲལ་བར་གྱུར་པས། བོད་ཁུལ་གྱི་མང་ཚོགས་ལ་དབང་གྲགས་ལྡན་པའི་རིམས་ནད་འགོག་སྲུང་གི་ཀློག་དེབ་ཅིག་མཁོ་གལ་ཤིན་ཏུ་ཆེ། 

    རྒྱ་ཆེའི་མང་ཚོགས་ཀྱིས་འབྲེལ་ཡོད་རིམས་འགོག་ཤེས་བྱ་ཤེས་རྟོགས་གསལ་པོ་ཡོང་ཆེད། ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་ཚན་རིག་ཁྱབ་སྤེལ་དཔེ་སྐྲུན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་རྣམ་པ་མི་འདྲ་ཞིང་། (དཔེ་དེབ།  དྲིལ་བསྒྲགས་ཤོག་ལྷེ། འགེལ་ཐང་།)མི་ཚོགས་མི་འདྲ་བར་ (དར་མ། བྱིས་པ།) ཁ་གཏད་པའི་ཚན་རིག་གི་སྔོན་འགོག་ཚོད་འཛིན་ཀློག་དེབ་སྟེ།《ཚན་རིག་གི་འགོག་སྲུང་ལ་བརྟེན་ན། རིམས་འགོག་གི་གཡུལ་ལས་རྣམ་པར་རྒྱལ་ངེས།》དང་《ཚན་རིག་གིས་བློ་སྒོ་འབྱེད་པ།—ན་ཆུང་བྱིས་པ་ཚོར་ཕུལ་བའི་ཏོག་དབྱིབས་ནད་དུག་གསར་བའི་རིམས་འགོག་རིས་དེབ།》《ཚན་རིག་གི་འགོག་སྲུང་དང་རིམས་ནད་སྐོར་གྱི་དྲི་བ་དྲིས་ལན》བཅས་ཀྱི་གློག་རྡུལ་པར་གཞི་དང་ཤོག་དཔར་མ་གཉིས་དུས་གཅིག་ཏུ་དཔེ་སྐྲུན་བྱས།  

    ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་འགོག་ལྟེབ་ཡིག་《ཚན་རིག་གི་འགོག་སྲུང་ལ་བརྟེན་ན། རིམས་འགོག་གི་གཡུལ་ལས་རྣམ་པར་རྒྱལ་ངེས》ཞེས་པའི་དེབ་འདི་ནི་ཚན་རྩལ་ཁྱབ་སྤེལ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་པར་གཞི་གཞིར་བཟུང་སྟེ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་ཆེད་ལས་ཀྱི་ཐོན་ཁུངས་བཟང་པོའི་ནུས་པ་སྔོག་འདོན་དང་། རིམས་ནད་ཀྱི་གནས་ཚུལ་ལ་དོ་ཁུར་བྱས་ཏེ་དུས་ཐོག་བོད་ཡིག་ཏུ་བསྒྱུར་ཅིང་དཔེ་སྐྲུན་བྱས། དེབ་འདིའི་ནང་དུ་རི་མོ་དང་ཡི་གེ་ཟུང་འབྲེལ་བྱས་ཏེ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོ་སྟངས་དང་། ནད་རྟགས་ངོས་འཛིན་ཚུལ། སྒོ་བསྟེན་སྨན་བཅོས་བྱེད་ཚུལ། སེམས་ཁམས་བཅོས་སྐྱོང་སོགས་ཀྱི་སྐོར་ནས་ཚན་རིག་ཤེས་བྱ་མང་པོ་གོ་སླ་ཞིང་ཚིག་བདེ་བའི་ལམ་ནས་ངོ་སྤྲོད་བྱས་ཡོད་པས། རྒྱ་ཆེའི་ཀློག་མཁན་རྣམས་ལ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ངོས་འཛིན་དང་འཕེལ་རྒྱས་འགྲོ་ཚུལ། འགོ་ཁྱབ་འགྲོ་ཚུལ། དེ་བཞིན་སྨན་བཅོས་བྱེད་ཚུལ་སོགས་ཀྱི་ཐད་ཚན་རིག་དང་མཐུན་པའི་སློབ་སྟོན་བྱས་ཡོད།

    ན་ཆུང་བྱིས་པའི་བོད་རྒྱ་སྐད་གཉིས་ཀྱི་རིམས་འགོག་དཔེ་དེབ་《ཚན་རིག་གིས་བློ་སྒོ་འབྱེད་པ།——ན་ཆུང་བྱིས་པ་ཚོར་ཕུལ་བའི་ཏོག་དབྱིབས་ནད་དུག་གསར་བའི་རིམས་འགོག་རིས་དེབ》ཅེས་པ་འདིར་ན་ཆུང་བྱིས་པ་རྣམས་ཀྱིས་ཀློག་པར་སྤྲོ་བའི་ཡིག་རིས་ཟུང་ལྡན་གྱི་རྣམ་པའི་ཐོག་ནས་ཡང་དག་པའི་རིམས་འགོག་བྱེད་ཐབས་སྐོར་གྱི་ཤེས་བྱ་ངོ་སྤྲོད་བྱས་ཡོད། ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་འགོག་སྲུང་ཤེས་བྱ་དག་གསོན་ཉམས་ལྡན་པའི་སྒོ་ནས་ཡིག་རིས་ཟུང་གིས་ངོ་སྤྲོད་དང་སྦྲགས། སྤྲོ་སྣང་ལྡན་པའི་དྲི་བ་དྲིས་ལན་གྱི་རྣམ་པའི་སྒོ་ནས་ན་ཆུང་བྱིས་པ་རྣམས་ཀྱིས་ནད་དུག་འགོས་པའི་གནས་ཚུལ་དང་དེའི་ཉེན་ཁ། དེ་ལ་ཇི་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་འགོག་བྱེད་ཐབས་བཅས་ལ་རྒྱུས་ལོན་ཡོང་ཐབས་བྱས་ཡོད། རིམས་ནད་འབྱུང་བཞིན་པའི་སྐབས་སུ། བྱིས་པའི་བདེ་ཐང་དང་ཟས་སྤྱོད་ལ་དམིགས་བསལ་དོ་སྣང་བྱ་དགོས་པས། ཀློག་སྤྲོ་བའི་དཔེ་དེབ་ཀྱི་སྣེ་ཁྲིད་དང་རོགས་རམ་ལ་བརྟེན་ནས་གྲོགས་པོ་ཆུང་ཆུང་ཚོས་འཚོ་བ་དངོས་ཀྱི་ནང་རང་འགུལ་ངང་རིམས་འགོག་ཤེས་བྱར་སློབ་སྦྱོང་དང་། དེའི་ནང་དོན་ལ་ལད་ཟློས་བྱས་ཏེ་བདེ་ཐང་ངང་འཚར་ལོངས་འབྱུང་རྒྱུར་མཐུན་རྐྱེན་གང་ལེགས་བསྐྲུན་ཡོད། 

    བོད་རྒྱ་ཤན་སྦྱར་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་རིམས་འགོག་ཤེས་བྱའི་འགེལ་རིས་《ཚན་རིག་གི་འགོག་སྲུང་དང་རིམས་ནད་སྐོར་གྱི་དྲི་བ་དྲིས་ལན》ཞེས་པའི་དེབ་འདིར་དྲི་བ་དྲིས་ལན་གྱི་རྣམ་པའི་ཐོག་ནས་ཕྱོགས་ཡོངས་དང་ཞིབ་ཕྲའི་སྒོ་ནས་ཏོག་དབྱིབས་གློ་ཚད་ནད་དུག་གསར་པའི་རིམས་ནད་འགོག་བཅོས་སྐོར་གསེད་དཀྲོལ་བྱས་ཡོད་ལ། ཆེད་ལས་སྨན་པས་དྲི་བར་ལན་བཏབ་སྟེ་ཀློག་པ་པོ་ལྷན་རྒྱས་ལ་ཕན་ནུས་ལྡན་ཞིང་སྤྱོད་སྒོ་ཆེ་བའི་འགོག་སྲུང་གི་བསམ་འཆར་བཏོན་ཡོད། 

    སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ལགས་ཀྱིས། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་རྗེས། ང་ཚོས་མི་རིགས་དཔེ་སྐྲུན་པ་ཡི་འགན་འཁྲི་ཕྲག་ཏུ་ཁུར་ཏེ། དུས་ཐོག་ཏུ་སྐད་གཉིས་ཤན་སྦྱར་གྱི་རིམས་འགོག་ཤེས་བྱའི་སྐོར་དྲ་ཐོག་འདོན་སྤེལ་དང་། སྐད་གཉིས་ཤན་སྦྱར་གྱི་རིམས་འགོག་ཤེས་བྱའི་ཀློག་དེབ་ལོ་ཙཱ་དང་དཔེ་སྐྲུན་ལས་ཀ་རྩ་འཛུགས་བྱས་ཡོད། ང་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ནད་དུག་འགོག་སྲུང་དང་སྟོབས་ཤུགས་བརྒྱུད་སྤེལ་བྱས་ཏེ། རིམས་འགོག་ཚོད་འཛིན་གྱི་རིག་གནས་དྲིལ་བསྒྲགས་ལས་ཀ་སྒྲུབ་བཞིན་ཡོད་ཅིང་། ད་རེས་ཀྱི་རིམས་འགོག་གི་གཡུལ་ས་ལས་རྣམ་པར་རྒྱལ་ཆེད། ང་ཚོའི་མི་རིགས་དཔེ་སྐྲུན་པ་དག་གིས་རང་ནུས་ཡོད་རྒུ་རྩལ་དུ་སྤྲུག་རྒྱུ་ཡིན་ཞེས་གསུངས། 

    ཚན་རིག་གི་རིམས་འགོག་ཀློག་དེབ་འདི་གསུམ་བོད་ཁུལ་གྱི་འཕྲིན་སྦྱོར་གསར་པ་ཁག་བརྒྱུད་དེ་རྒྱ་ཆེར་འགྲེམ་སྤེལ་དང་། བོད་ཁུལ་ཡོངས་ལ་རིན་མེད་གཟིགས་འབུལ་ཞུ་རྒྱུ་རེད།