དེ་རིང་ཆུ་ཚོད་12པའི་བར་དུ་བདེ་ཆེན་ལ་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་མེད་ལ། དོགས་ཡོད་ནད་པ་ཡང་མེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་2པའི་ཚེས་11ཉིན་གྱི་ཆུ་ཚོད་12པའི་བར་དུ། ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་མེད་ལ། དོགས་ཡོད་ནད་པ་ཡང་མེད། འདི་ནི་ཏོག་གསར་གློ་ཚད་འགོས་པའི་སྔོན་འགོག་དམག་འཐབ་ཁྲོད་མི་ཡུལ་གྱི་ཤམ་བྷ་ལའི་མཚན་སྙན་ཡོད་པའི་བདེ་ཆེན་ཁུལ་གྱིས་བླངས་པའི་གྲུབ་འབྲས་རེད། བསྡོམས་རྩིས་བྱས་པའི་གཞི་གྲངས་ལས་བདེ་ཆེན་གྱིས་རིམས་ནད་སྔོན་འགོག་ཁྲོད་འབད་བརྩོན་ཧུར་ཐག་བྱས་པའི་ནུས་ཤུགས་མངོན་ཐུབ།

        དོན་དངོས་ཐོག་ཡུན་ནན་ནུབ་བྱང་རྒྱུད་དུ་ཡོད་པའི་བདེ་ཆེན་གྱིས་སྐབས་ཤིག་རིམས་ནད་དང་འཕྲད་མྱོང་ཡོད། ཟླ་2ཚེས་6ཉིན་བདེ་ཆེན་གྱིས་འབྲེལ་འདྲིས་དམ་ཟབ་བྱེད་མཁན་མི་35ཟུར་འཇོག་གསོ་རིག་གི་ལྟ་ཞིབ་བྱེད་མཚམས་བཞག་པའི་གཏམ་ཟང་བསྒྲགས། དགུན་དུས་ནི་བདེ་ཆེན་གྱི་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཡིན་མོད། འོན་ཀྱང་ཡུལ་སྐོར་བ་ཁག་གཅིག་གིས་སེམས་ཀྱི་ཉི་ཟླར་བཅངས་པའི་འདུན་པ་སྔར་བཞིན་འགོག་མི་ཐུབ་རེད་དེ། ཡུན་ནན་ཞིང་ཆེན་གྱིས་ཁག་དང་པོར་ཤེས་རྟོགས་བྱུང་བའི་ནད་གཞི་ཕོག་པའི་ནད་པའི་ཁྲོད་སེམས་ཀྱི་ཉི་ཟླར་སྡད་པའི་གནས་ཚུལ་ཡོད། དེ་ཕྱིར་བདེ་ཆེན་གྱིས་འཕྲལ་མ་ཉིད་དུ་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་དང་འབྲེལ་འདྲིས་དམ་ཟབ་བྱེད་མཁན་མགྱོགས་མྱུར་རྙེད་ལ། འཕྲལ་དུ་ཟུར་འཇོག་གསོ་རིག་གི་ལྟ་ཞིབ་བྱས་པ་རེད།

        རིམས་ནད་ནི་བཀའ་དང་སྔོན་འགོག་ནི་འགན་འཁྲི་ཡིན་ཞེས་པ་བཞིན། བདེ་ཆེན་གྱིས་དུས་ཐོག་ཏུ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་འཕྲལ་དུ་རིམས་ནད་སྔོན་འགོག་གི་དམག་འཐབ་ནང་ཞུགས་དུ་བཅུག་ལ། གྲོང་ཚོའི་བཅའ་སྡོད་དབུལ་སྐྱོར་ལས་དོན་རུ་མི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་པ་དང་། སྒྲིག་འཛུགས་པ། འཐབ་བརྩོད་པ་བཅས་སུ་གྱུར། ཐེངས་འདིའི་འཐབ་བརྩོད་ནང་ཞུགས་མཁན་ད་དུང་ཁུལ་ཡོངས་ཀྱི་སྐྱེ་ཁམས་ནགས་སྲུང་བ་8000ལྷག་དང་། གྲོང་གསེབ་ཀྱི་དང་བླངས་ཞབས་ཞུའི་རུ་མི་ཆིག་སྟོང་ལྷག་ཙམ་ཡོད་པ་རེད།

         རིམས་ནད་སྔོན་འགོག་ཁྲོད་བདེ་ཆེན་གྱིས་འཕྲལ་དུ་ལས་དོན་དང་པོ་བཞིའི་ལས་ཀའི་སྒྲིག་གཞི་བཙུགས་ལ། ཚང་མས་བྱེད་དགོས་པ་བརྒྱད་ཀྱི་རིམས་ནད་སྔོན་འགོག་གི་ལས་ཀ་ལག་བསྟར་མཐའ་འཁྱོལ་བྱས་ཏེ། ཁུལ་ཡོངས་སུ་རིམས་ནད་སྔོག་འགོག་གི་དྲ་བ་ཞིག་ཆགས་ཐུབ་པ་བྱས།  ལས་དོན་དང་པོ་བཞིའི་ལས་ཀའི་སྒྲིག་གཞི་ལས་གཅིག་ནི་དུག་སེལ་སྒྲིག་གཞི་སྟེ། མིག་སྔའི་བར་དུ་ཁུལ་ཡོངས་ཀྱིས་ཁྱོན་བསྡོམས་དུག་སེལ་རྒྱ་ཁྱོན་སྨི་གྲུ་བཞི་མ་210ལྷག་ཟིན་པ་དང་དུག་སེལ་རླངས་འཁོར་3614གཏོང་ཡོད། དུག་སེལ་གྱི་ཁྱབ་ཁོངས་ནི་གསོལ་ཆས་གད་སྙིགས་དང་འཚོ་བའི་གད་སྙིགས། གད་སྙིགས་རླངས་འཁོར། སྤྱི་སྤྱོད་རླངས་འཁོར་གྱི་འབབ་ཚིགས་སོགས་སུ་ཁྱབ་ཡོད།  གཉིས་ནི་ཚགས་བཤེར་སྒྲིག་གཞི་སྟེ།  ཁུལ་ཕྱི་ནང་གི་མཉམ་འགོག་མཉམ་སྡོམ་ཚགས་བཤེར་དང་། འགྲིམ་འགྲུལ་ལྟ་ཞིབ་ཚད་ལེན་ས་ཚིགས་ཚགས་བཤེར། སྨན་བཅོས་སྒྲིག་གཞིའི་ཚ་རྒྱས་སྒོ་བསྟེན་སྨན་བཅོས་དང་ལུས་དྲོད་ལྟ་ཞིབ་ཚད་ལེན་ས་ཚིགས་ཚགས་བཤེར། གྲོང་ཚོ(གྲོང་མི)ཨུ་ཡོན་ལྷན་ཁང་ཚན་པར་བྱས་པའི་ས་གདན་རྣམ་པའི་ཚགས་བཤེར་བཅས་བྱས་པ་བརྒྱུད་རིམས་ནད་མཐིལ་རྟོགས་ཚགས་བཤེར་ལས་དོན་ཁྱོན་ཡོངས་ལ་ཁྱབ་པ་དང་ཁུག་ཀྱོག་མེད་པའི་འགན་ལེན་བྱས་པ།  གསུམ་ནི་ལས་རིགས་འགན་འཁྲི་སྒྲུབ་པའི་སྒྲིག་གཞི་སྟེ།ལས་ཀའི་ཆེད་དོན་འཛིན་གྲྭ་བཙུགས་པ་དང་། ལས་དོན་ཚོ་ཆུང་12བཙུགས་པ། སྡེ་ཚན་ཁག་གིས་རང་འགུལ་ངང་ལས་འགན་ངོས་འཛིན་རྩིས་ལེན་བྱས་པ།རང་འགན་རང་འཁུར་དང་། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། མཉམ་ཤུགས་འགག་སྒྲོལ་བཅས་ཀྱི་ལས་ཀའི་རྣམ་པ་མངོན་འགྱུར་བྱུང་བ།བཞི་ནི་ལྟ་སྐུལ་ཞིབ་བཤེར་སྒྲིག་གཞི་སྟེ། ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱིས་ལྟ་སྐུལ་སློབ་སྟོན་ཚོ་ཆུང་4བཙུགས་ནས་ལས་གནས་དང་པོར་ཟབ་འཇུག་བྱས་ཏེ་སྔོན་འགོག་ཚོད་འཛིན་གྱི་ལྟ་སྐུལ་ཁྲིད་སྟོན་སྤེལ་ནས་སྒྲིག་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱས་པ།  ཚང་མས་བྱེད་དགོས་པ་བརྒྱད་ལས་གཅིག་ནི་མཛེས་ལྗོངས་ཁུལ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སོགས་མི་སྣ་འདུ་འཛོམས་རང་བཞིན་གྱི་གནས་ཡུལ་ཚང་མ་སྒོ་རྒྱག་དགོས་པ། གཉིས་ནི་དཔྱིད་གསར་དུས་ཆེན་རིང་རིག་གནས་ལུས་རྩལ་གྱི་རོལ་རྩེད་བྱེད་སྒོ་ཚང་མ་དང་མང་ཚོགས་ཀྱི་རང་འཕེལ་རང་བཞིན་གྱི་འདུ་འཛོམས་བྱེད་སྒོ་སོགས་མི་སྣ་འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་ཚང་མ་མེད་པ་བཟོ་དགོས།  གསུམ་ནི་བདེ་ཆེན་ནས་འགྲོ་འོང་བྱེད་མཁན་གྱི་སྤྱི་པའི་འགྲིམ་འགྲུལ་སྐྱེལ་འདྲེན་འཁོར་རིགས་གཏོང་མཚམས་འཇོག་དགོས་པ་དང་གཙང་པོ་དང་ཆུ་བོའི་རྒྱུད་ཀྱི་གྲུ་ཁ་ཚང་མ་སྒོ་རྒྱག་དགོས།  བཞི་ནི་ཁུལ་ཕྱིའི་ཡུལ་སྐོར་བ་དང་རང་ཡུལ་ནས་ཡིན་པའི་ཕྱི་ནས་རང་ཡུལ་དུ་ལོག་པའི་མི་ཚང་མ་ལ་རིགས་དབྱེའི་ཟུར་འཇོག་ལྟ་ཞིབ་བྱེད་དགོས། ལྔ་ནི་ལས་བྱེད་མི་སྣ་དག་གི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་གཏོང་མཚམས་བཞག་ནས་ཚང་མ་ལས་གནས་སུ་ཕྱིར་ལོག་བྱེད་དགོས།  དྲུག་ནི་རི་སྐྱེས་སྲོག་ཆགས་ཉོ་ཚོང་ལ་རྡུང་རྡེག་ཚ་ནན་གཏོང་དགོས་པ་དང་ཟོག་གོང་ཧམ་སྤོར་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་གཏོང་དགོས།  བདུན་ནི་སྤྱི་པའི་འགྲིམ་འགྲུལ་སོགས་སྤྱི་པའི་འདུ་འཛོམས་བྱེད་སར་དུག་སེལ་བྱེད་དགོས།  བརྒྱད་ནི་སྤྱི་ཚོགས་ཀྱི་འཁོར་སྐྱོད་དང་མང་ཚོགས་ཀྱི་གཞི་རྩའི་ཐོན་སྐྱེད་དང་འཚོ་བ་ལ་འགན་སྲུང་བྱེད་པའི་ལས་རིགས་ཕུད་ཚང་མ་ཚོང་ལས་གནས་སྐབས་བྱེད་མཚམས་འཇོག་དགོས།