རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-22   རྩོམ་ཁུངས།    མཚོ་སྔོན་བོད་སྐད་རླུང་འཕྲིན།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ། ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བར་ཞིབ་འཇུག་བྱས་པ་དང་། རིམས་ནད་འགོག་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བ་བཟང་བོར་བསྒྲུབ་པར་གཅིག་གྱུར་སྒོས་འཆར་འགོད་དང་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།
ཟླ2པའི་ཚེས19ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། རིམས་ནད་འགོག་བཅོས་བྱ་བའི་སྐོར་གྱི་ཡར་ཞུ་ལ་ཉན་པ་དང་རིམས་ནད་འགོག་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བ་བཟང་བོར་བསྒྲུབ་པར་གཅིག་གྱུར་སྒོས་འཆར་འགོད་དང་ཞིབ་བྱས་ཤིང་། འབྲེལ་ཡོད་བསམ་འཆར་དེ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ལ་ཕུལ་ནས་གྲོས་ཞིབ་བྱེད་རྒྱུ་ཐག་བཅད།
ཚོགས་ཐོག་ནས་བསྟན་དོན། ཏོག་གསར་གློ་ཚད་རིམས་ནད་བྱུང་རྗེས། ཏང་ཀྲུང་དབྱང་གིས་ཧ་ཅང་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་དང་རྣམ་པ་ཀུན་ཏུ་རིམས་ནད་གནས་བབ་ལ་ཡིད་འཇོག་བྱེད་ཀྱིན་ཡོད། རིམས་ནད་འགོག་བཅོས་བྱ་བ་དེ་དོན་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ་དངོས་སུ་བཀོད་འདོམས་དང་དངོས་སུ་བཀོད་སྒྲིག་བྱས་པ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དཀའ་སྡུག་མཉམ་སེལ། ཚན་རིག་དང་མཐུན་པར་འགོག་བཅོས་བྱེད་པ་དང་གནད་ཕིགས་སྲིད་ཇུས་ལག་བསྟར་བྱེད་པའི་རེ་བ་བཏོན། ཏང་ཀྲུང་དབྱང་གིས་དུས་ཐོག་ཏུ་རིམས་ནད་འགོག་བཅོས་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་གཏན་འཁེལ་བྱས་ཏེ། རིམས་ནད་འགོག་བཅོས་ནུས་ལྡན་དང་གོ་རིམ་ལྡན་པར་ལག་བསྟར་བྱེད་རྒྱུ་འགན་སྲུང་བྱས་པ་དང་། རྦད་ཆོད་སྒོས་རིམས་ནད་རྒྱ་ཡན་དུ་འགྲོ་བ་གཏན་འགོག་བྱས། ཧུའུ་པེ་དང་ཝུའུ་ཧན་གྱི་རིམས་ནད་འགོག་བཅོས་བྱ་བའི་མཛུབ་སྟོན་ལ་ཤུགས་བསྣན་པ་དང་རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་རོགས་སྐྱོར་བྱས། ས་ཁུལ་གཞན་པའི་འགོག་བཅོས་ཚོད་འཛིན་བྱ་བ་བཟང་བོར་བསྒྲུབ་པར་གཅིག་གྱུར་སྒོས་འཆར་འགོད་བྱས། སྨན་བཅོས་དངོས་རྫས་དང་འཚོ་བའི་དགོས་མཁོའི་དངོས་རྫས་འདོན་སྤྲོད་བྱེད་པར་ཤུགས་བསྣན་པ་དང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་རིམས་ནད་འགོག་བཅོས་དགོས་མཁོ་འགན་སྲུང་བྱས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྒྱུན་ལྡན་སྒྲིག་ལམ་སྲུང་སྐྱོབ་བྱས་ནས་སྤྱི་ཚོགས་བརྟན་འཇགས་འགན་སྲུང་བྱས། རང་རྒྱལ་གྱི་རིམས་ནད་འགོག་བཅོས་བྱ་བར་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ཀྱིས་རྒྱབ་སྐྱོར་བྱས་པས། འགན་འཁུར་བའི་རྒྱལ་ཁབ་ཆེན་པོའི་སྣང་བརྙན་མངོན་པར་བྱས་ཟེར།
ཚོགས་ཐོག་ནས་བསྟན་དོན། ཏོག་གསར་གློ་ཚད་རིམས་ནད་ཀྱིས་དཔལ་འབྱོར་འཁོར་སྐྱོད་ཐད་ལ་ཤུགས་ཆེན་མངོན་གསལ་ཐེབས་ནའང་རང་རྒྱལ་གྱི་དཔལ་འབྱོར་ལ་མཉེན་ཆ་དང་སྦས་ཤུགས་ཆེན་པོ་ལྡན་པས། ཡུན་རིང་ལ་བཟང་བའི་འཕེལ་ཕྱོགས་འགྱུར་མི་སྲིད། རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བ་བཟང་བོར་བསྒྲུབ་པར་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་དགོས་ལ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཞིང་མཁྲེགས་གཏོར་འཐབ་ཇུས་ཆེན་པོ་གསུམ་ལག་བསྟར་གང་ལེགས་བྱེད་པ་དང་། བརྟན་འཇགས་དྲུག་གི་བྱ་བ་ཁྱོན་ཡོངས་ནས་བཟང་བོར་བསྒྲུབ་པ། ཕྱོགས་སོ་སོའི་བརྩོན་སེམས་རང་བཞིན་དང་རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་འདོན་སྤེལ་བཟང་བོ་བྱེད་དགོས་པར་མ་ཟད། རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་ཚད་ཆེས་དམའ་རུ་གཏོང་བ་དང་ཧུར་ཐག་སྒོས་ལོ་ཧྲིལ་བོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་ཐར་མཁྲེགས་གཏོར་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པ། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ཡོངས་འགྲུབ་བྱེད་དགོས་ཟེར།
ཚོགས་ཐོག་ནས་བསྟན་དོན། བློ་བརྟན་འགྱུར་མེད་སྒོས་མཁྲེགས་གཏོར་འཐབ་ཇུས་ཆེན་པོ་གསུམ་ལག་བསྟར་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་ལས་འགན་དུས་ལྟར་ཡོངས་འགྲུབ་བྱེད་རྒྱུ་འགན་སྲུང་བྱས་ཏེ། ཐོག་མར་དབུལ་ཕོངས་ས་ཁུལ་གྱི་ཞིང་བ་ཞོར་ལས་བ་ཕྱིར་ལས་གནས་སུ་ལོག་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་། རིམས་ནད་ཀྱིས་དབུལ་བོར་བཏང་བ་དང་དབུལ་ཕོངས་སུ་གྱུར་བའི་ཞིང་ཁྱིམ་ལ་རོགས་སྐྱོར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས། བཙོག་བཟོ་འགོག་བཅོས་ཀྱི་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་སྤུད་ཚད་རྒྱུན་མཐུད་སྒོས་ལེགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། སྨན་བཅོས་བེད་མེད་དངོས་རྫས་དང་ཉེན་ཁའི་བེད་མེད་དངོས་རྫས་གཅིག་སྡུད་སྒོས་ཐག་གཅོད་པའི་སྒྲིག་ཆས་ཕྱོགས་ཀྱི་ཞན་ཆ་མྱུར་དུ་ཁ་གསབ་བྱེད་དགོས། ཉེན་ཁར་དོགས་ཟོན་དང་ཞི་འཇགས་སུ་གཏོང་བའི་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་པ་དང་། རྦད་ཆོད་སྒོས་ཁོངས་གཏོགས་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་འབྱུང་བའི་ཚད་མཐའ་གཏན་སྲུང་བྱེད་དགོས་ཟེར།
ཚོགས་ཐོག་ནས་བསྟན་དོན། དམངས་ཚིས་འཚོ་བའི་འགན་སྲུང་ཤུགས་ཚད་ཇེ་ཆེར་གཏོང་དགོས། ལས་ཞུགས་གཙོར་འཛིན་པའི་སྲིད་ཇུས་ལག་བསྟར་བཟང་བོ་བྱས་ཏེ། སྟབས་བསྟུན་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་ གཙོ་བོའི་ལས་ཞུགས་བྱ་བ་བཟང་བོར་བསྒྲུབ་དགོས། གྲོང་རྡལ་གྱི་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་ནུས་པ་ཇེ་ཆེར་བཏང་ནས། གཞི་རྩའི་དམངས་ཚིས་ཚོང་རྫས་ཀྱི་འདོན་སྤྲོད་ཁག་ཐེག་དང་རིན་གོང་བརྟན་འཇགས་བྱ་བ་བཟང་བོར་བསྒྲུབ་དགོས། རིམས་ནད་ཀྱིས་བཟོས་པའི་དཀའ་ཁག་མང་ཚོགས་ཀྱི་འཚོ་བ་འགན་སྲུང་བྱེད་དགོས། དུས་ཐོག་ཏུ་རིམས་ནད་འགོག་བཅོས་ཚོད་འཛིན་ཁྲོད་དུ་ལས་འགན་དང་ལེན་བྱས་པའི་སྨན་བཅོས་མི་སྣ་དང་ལས་བྱེད་པ་དང་ལས་བཟོ་བ། གཞིས་ཁུལ་གྱི་བྱ་བ་སྒྲུབ་མཁན་སོགས་ཀྱི་ཁྱིམ་མི་ལ་འོས་འཚམ་སྒོས་རོགས་རམ་བྱེད་དགོས་ཟེར། །