ཉལ་ཁར་རྐང་པ་ཁྲུས་དང་ཕན་པ་མང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-03-04   རྩོམ་ཁུངས།    བོད་ཁུལ་གསོ་རིག་གླེང་སྟེགས།

    འུ་ཚོའི་འབྲོག་ཁུལ་དང་ཞིང་ཁུལ་གྱི་མི་མང་པོ་ཞིག་གིས་དུས་རྒྱུན་དུ་རྐང་པ་བཀྲུ་བ་ནི་གྲོང་ཁྱེར་ནང་གི་འགྲོ་སྟངས་ཡིན་པ་ལས་གྲོང་གསེབ་པ་ལ་དེ་ཚོ་དགོས་པ་མེད། འུ་ཚོ་ནི་ཉིན་ལྟར་ས་ལས་རྡོ་ལས་རྐྱང་རྐྱང་ལས་དགོས་པས་གཙང་མ་བཟོས་ཀྱང་ད་ལྟ་རང་བཙོག་པར་འགྱུར་འགྲོ། དེ་བས་རྒྱུན་དུ་རྐང་པ་བཀྲུ་བ་ནི་ལས་མེད་དག་གི་ལས་ཀ་རེད་བསམ་བཞིན་ཡོད།

    འོན་ཀྱང་དོན་དངོས་ཐོག་རྐང་པ་བཀྲུ་བ་ནི་གཙང་སྦྲ་ཁོ་ན་ཙམ་མིན་པར་སྨན་མཆོག་འཐུང་བ་ཞིག་ཡིན། རྐང་པ་བཀྲུ་དུས་ཡག་ཤོས་དང་ཕན་ནུས་ཆེ་ཤོས་ནི་ཉལ་ཁར་ཡིན། དེ་ནི་སེམས་ཅན་གཞན་དང་མི་འདྲ་སྟེ། མིའི་རྐང་པས་ལུས་ཧྲིལ་པོའི་ལྗིད་ཚད་འདེགས་ཡོད་པ་མ་ཟད་ལུས་ཡོངས་བཏེགས་ཏེ་གནས་སྤོ་བྱེད་བཞིན་ཡོད། རོབ་རྩིས་བྱས་ན་མི་གཅིག་གིས་ཉིན་རེར་གོམ་འགྲོས་སྨི་སྟོང་ལྔ་ནས་ཁྲི་གཅིག་བར་བྱེད་ཀྱིན་ཡོད་ལ།  ཚེ་གང་བོར་གོམ་འགྲོས་བྱས་པའི་ཚད་ནི་ཧ་ལམ་སྨི་སྟོང་ཁྲི་བཅུ་ཙམ་བྱེད་ཀྱིན་ཡོད།   དེ་ལྟར་ཡིན་ན་མི་ཚེ་གཅིག་ལ་སའི་གོ་ལར་བསྐོར་བ་ཐེངས་གཉིས་དང་ཕྱེད་ཙམ་རྒྱབ་པའི་ཚད་དང་མཚུངས།  དེ་བས་མིའི་ལུས་པོ་གོམ་སྐྱོད་བྱེད་དགོས་ཚེ་ངེས་པར་རྐང་པ་བེད་སྤྱོད་དགོས་ཀྱིན་ཡོད། དེ་ལྟར་ན་ཉིན་གང་པོ་སོང་ནས་མཚན་མོ་ཉལ་བ་ནི་ལུས་པོ་ཉལ་བ་མིན་སྟེ། རྐང་པ་ཉལ་བ་ཡིན།

    དེས་ན་ཉལ་ཁར་རྐང་པ་བཀྲུ་བ་ནི་སློབ་སྦྱོང་དང་། ཟས་གོས། སེམས་ཁམས་བཅས་ཡོད་ཚད་ཀྱི་འབྱུང་གནས་ལུས་པོ་གསོ་བའི་གསོས་སྨན་འཐུང་བ་དང་མཚུངས། མ་ཟད་དུས་རྒྱུན་རྐང་པ་བཀྲུས་ན་དབང་རྩ་དང་།  ཁྲག་རྩ།  སྙིང་ཁྲག་བཅས་རྒྱུན་ལྡན་ལྟར་འཁོར་སྐྱོད་བྱེད་ཐུབ། ཁྲག་རྩའི་ནང་གི་སྙིགས་རོ་རྣམས་ཀྱང་མེད་པར་འགྱུར་ནས་ཁྲག་རྒྱུན་ལྡན་ལྟར་འཁོར་སྐྱོད་བྱེད་ཐུབ་ལ།  བུད་མེད་ཡིན་ན་ཟླ་མཚན་འབབ་མི་ཐུབ་པར་ཁྲག་རྡོག་རྡོག་ཆགས་ནས་རྒྱུ་ཞབས་གཟེར་བའི་ནད་མི་འབྱུང་བ་དང་། སྐྱེས་པ་ཡིན་ན་འཁྲིག་སྤྱོད་མ་བྱས་ཚེ་ཁོག་སྟོད་ན་བ་དང་སེམས་ཁམས་དུབ་པ་སོགས་ཀྱི་ནད་ལྟ་བུ་མི་འབྱུང་བར་ཕན་ཐོགས་ཡོད།

    ཀྲུང་གོའི་གསོ་རིག་གི་དབང་རྩ་སྨྲ་བས་བརྗོད་པ་ལྟར་ན། རྐང་པའི་སྟེང་དོན་ལྔ་སྣོད་དྲུག་ལ་ལྟོས་བཅས་ཀྱི་གསང་མིག་ཚང་མ་ཡོད་དེ། རྐང་པ་གཉིས་ཀྱི་སྟེང་དུ་སྡོམ་པས་གསང་མིག་དྲུག་ཅུ་རེ་དྲུག་ཡོད་པ། དེ་དག་ནི་ལུས་ཡོངས་ཀྱི་གསང་མིག་གི་1/10ཟིན་ཡོད། དེ་བས་དུས་རྒྱུན་དུ་རྐང་པ་བཀྲུ་བ་དང་རྐང་པར་ཕུར་མཉེད་བྱས་པ།  ཆུ་ཚ་པོའི་ནང་ཚྭ་ཅུང་ཙམ་བླུགས་ནས་རྐང་པ་བཀྲུ་བ་སོགས་བྱས་ན་ལུས་ཡོངས་ཀྱི་ནད་རིགས་མང་པོ་ཞིག་སྔོན་འགོག་དང་གསོ་བཅོས་བཅས་བྱེད་ཐུབ། 

    དཔེར་ན།  རྐང་པ་ཧམ་ཏེ་འཁྱག་པ་དང་། རྒྱུ་མཚན་མེད་པར་ཆམ་ནད་ཕོག་སླ་བ།  མིག་རབ་རིབ་བྱས་པ་དང་མིག་ཟ་ཕྲུག་ལང་བ། སྙིང་གར་ཚ་ཚ་རྒྱུག་པ། མགོའི་སྐྲ་རང་བཞིན་ལྷུང་འགྲོ་བ། རྐང་མཐིལ་ན་བ།  སྟོད་དང་བྲང་ཁ་གཟེར་བ་སོགས་རྒྱུན་མཚན་ཅི་ཡིན་ཞེ་ན། དེ་ནི་མིའི་རྐང་པ་དང་སྙིང་ག་གཉིས་ཀྱི་བར་དུ་བར་ཐག་ཅུང་རིང་བས། རྐང་པའི་ཁྲག་རྩ་དང་སྙིང་ཁའི་ཁྲག་རྩ་གཉིས་བར་འཁོར་སྐྱོད་ཀྱི་ནུས་པ་ཞན་པས་ན་རྐང་པའི་ཕྱི་པགས་ཀྱི་དྲོད་ཚད་ཀྱང་ཧ་ཅང་དམའ་མོ་ཡིན། དེ་བས་རྐང་པའི་དྲོད་ཚད་གྱི་དབུགས་ལམ་དང་དབང་རྩའི་མ་ལག་གཉིས་འབྲེལ་བ་དམ་པོ་ཡོད། གལ་སྲིད་རྐང་པར་གྲང་བ་ཕོག་རྗེས་ལྡོག་འཕྲོ་རང་བཞིན་གྱིས་དབུགས་ལམ་ནང་སྐྱི་དང་ཁྲག་རྩ་ཕྲ་མོའི་རིགས་འཁུམ་ནས་ཁྲག་རྒྱུན་ཇེ་ཉུང་དང་། གྲ་སྤུ་འགུལ་སྐྱོད་ཇེ་དལ་དུ་སོང་ནས་ལུས་པོ་སྐབས་འདིར་སྣ་དང་གྲེ་བར་སྦས་པའི་ནད་དུག་ཕྱིར་མངོན་པ་མ་ཟད། སྐྱེ་འཕེལ་བྱུང་ནས་མི་ཡི་ལུས་ལ་ནད་སློང་གིན་ཡོད། ནད་རིགས་དེ་ཚོ་མངོན་ཡོང་ཚེ་ངེས་པར་དུ་ཉིན་ལྟར་ཆུ་ཁོལ་གྱིས་རྐང་པ་ཐེངས་གཉིས་ནས་བཞི་བར་བཀྲུས་ན། སྣ་དང་གྲེ་བར་ཕུང་གསོག་བྱས་པའི་ཁྲག་ཀྱང་མྱུར་བར་ཞུ་འགྲོ་བ་དང་ཆམ་ནད་སོགས་ནད་རྟགས་དེ་ཚོ་ཇེ་ཡང་དུ་གཏོང་ཐུབ།

    ངེད་ཚོའི་གཅེན་གཅུང་ཚོ་ཆུང་དུས་དབྱར་ཁ་ཆུའི་ནང་རྐང་པ་རློན་པར་ཡུན་རིང་སོང་བ་དང་།  ལག་པ་ཡུན་རིང་རློན་པ་ཆགས་པ།  དགུན་ཁ་གངས་ནང་འགྲོ་དགོས་པ། འགྲུལ་བཞུད་ཡུན་རིང་བྱས་པ་སོགས་ཀྱི་སྐབས་སུ།  དགོང་མོ་ཁྱིམ་ལ་སླེབ་དུས་ཨ་མས་ངེས་པར་དུ་ཆུ་ཚ་པོའི་ནང་རྐང་ལག་འཁྲུ་རུ་བཅུག་རྗེས་མར་དང་ཚྭ་གཉིས་བསྲེགས་ནས་རྐང་མཐིལ་དང་། ལག་པ་སོགས་ལ་བྱུག་ཏུ་འཇུག་གི་ཡོད། ཨ་མས་ཟེར་ན་དེ་ལྟར་བྱས་ན་རྐང་ལག་ཆིར་བ་དང་། ཤ་མདོག་ལོག་པ། ལྤགས་པ་ཞུས་པ།  རྐང་ལག་ལ་ཤ་སྐྲན་ཆགས་པ།  རྐང་ལག་འཁྱག་རྗེས་ལ་དྲོས་དུས་ཟ་ཕྲུག་ལང་བ། རྐང་པར་ཆུ་བུར་དོན་པ་སོགས་ལ་ཕན་ཐོགས་ཆེན་པོ་ཡོད། གལ་སྲིད་བཀྲུ་མ་ཐུབ་པའམ་ཆ་རྐྱེན་མེད་པ་སོགས་ཡིན་ནའང་མར་དང་ཚྭ་གཉིས་སྲེག་ནས་བྱུགས་ན་འང་ཕན་ཐོགས་ཡོད་རེད་ཟེར། 

    དེ་བས་ཁྱེད་དང་ཁྱེད་ཀྱི་ཕ་མ་དང་བཟའ་ཟླ། དགའ་ཉེ་སོགས་ལ་རྐང་པ་འཁྲུ་རྒྱུའི་གོམ་གཤིས་ལོབས་སུ་ཆུག་དང་། ཁྱེད་ཀྱིས་ཁོང་ཚོར་སྨན་མཆོག་སྦྱིན་པ་དང་མཚུངས།  རེད་ཡ། གཏམ་རྒྱུད་ཐུང་ངུ་ཞིག་བཤད་ན་ངའི་ཨ་མ་ཡང་རྐང་པ་ནད་པ་ཞིག་ཡིན། དེ་ནི་ཨ་མའི་ཁོག་ལ་ང་སྦྲུམ་དུས་ཨ་མར་རྐང་པ་ན་བ་དང་།  སྐབས་དེ་དུས་ཨ་ཕ་དྲིན་ཅན་འདས་ཙང་ཨ་མའི་རྐང་ནད་སྨན་པར་སྟོན་མི་ཐུབ་པ་སོགས་རྐྱེན་དུ་མ་ལས་བྱུང་བའི་ནད་རྙིང་ཞིག་ཡིན། འདི་ནི་ང་འཇིག་རྟེན་འདིར་ཡོང་རྒྱུའི་ཆེད་དུ་ངའི་ཨ་མའི་སྐུ་ལུས་ཕྱེད་ཀ་ང་ལ་གནང་བའི་གོ་རིམ་ལས་བྱུང་བའི་ནད་ཞིག་ཡིན། འོན་ཀྱང་ངས་ཨ་མར་ནད་དེ་བྱུང་ནས་ལོ་ཉི་ཤུ་ལྷག་འགོར་རྗེས་ལ་མ་གཏོགས་ཤེས་མ་བྱུང་།   ད་ལྟ་ནི་ནད་རྙིང་ལ་འགྱུར་ཟིན་ནས་བཅོས་ཐབས་མི་འདུག་ལ་ལྷག་པར་ང་ས་མཐར་འཁྱར་བའི་སྤྲང་པོ་ཁེར་རྐྱང་ཞིག་ཡིན་སྟབས་ངས་ཨ་མར་ནད་བཅོས་རྒྱུའི་ནུས་པ་ཡང་མི་འདུག །འོན་ཀྱང་ངས་རྒྱུན་དུ་ཁ་པར་ལམ་ནས་ཨ་མར་རྐང་པ་བཀྲུ་དགོས་ཞེས་སྐུལ་མ་གཏོང་གི་ཡོད། མ་ཟད་ཨ་མ་མོ་རང་གིས་ཡང་རྒྱུན་དུ་རྐང་པ་བཀྲུ་རྒྱུར་དོ་སྣང་ཧ་ཅང་ཆེ་བས། ད་སྐབས་ཨ་མའི་རྐང་ནད་དྲག་ཐབས་མེད་རུང་ནད་སྡུག་ཏུ་སོང་མི་འདུག །དེ་ནི་ཨ་མས་རྒྱུན་དུ་ཉལ་ཁར་རྐང་པ་བཀྲུས་པའི་འབྲས་བུ་རེད་སྙམ།  

    དེ་བས་ཉལ་ཁར་རྐང་པ་འཁྲུ་རྒྱུ་མ་བརྗེད་ལ། རྐང་པ་འཁྲུ་དུས་ཆུ་ཚ་པོའི་ནང་ཉུང་མཐར་སྐར་བཅུ་ལྔ་ནས་ཉི་ཤུ་བར་སྦང་རྒྱུ་མ་བརྗེད། ལྷག་པར་འགྲུལ་བཞུད་པ་ཚོས་ངའི་ཨ་མས་ངེད་ཚོར་གནང་བ་ལྟར་གནང་དང་།  ཕན་ཐོགས་ཡོད་ངེས་ཡིན།