རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-17   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།
ནེ་ཚེ(Nietzsche1844-1900)ལགས་ཀྱིས་ཕ་སྐད་ནི“དོན་དམ་གྱི་སློབ་གསོ་མགོ་རྩོམ་སའི་ཆེས་གལ་ཆེ་ཞིང་ཆེས་ཐད་ཀར་གྱི་ཡུལ་ཡིན” ཞིང་། ཕ་སྐད་ཀྱི་སྦྱོང་བརྡར་ཡག་ཤོས་ནི“རྒྱུན་མཐུད་སློབ་གསོའི་བྱ་བ་ཡོད་ཚད”ཀྱི“རང་བྱུང་གི་ཕུན་ཚོགས་ཀྱི་གཤིན་ས་ཡིན”པ་དང་། དགེ་རྒན་ཞིག་ཡིན་ཕྱིན་སློབ་མར་ལོ་ཆུང་དུས་ནས་ཕ་སྐད་ལ་གཟབ་ནན་གྱིས་བལྟ་བའི་འདུ་ཤེས་བསྐྱེད་བསྲིང་བྱེད་དགོས་ལ། “སྐད་ཡིག་ལ་གོང་བཀུར་ཡོང་བར་བྱེད་དགོས།”རབ་ཡིན་ན“སྐད་ཡིག་ལ་བླ་ན་མཐོ་བའི་ངར་ཤུགས་ཀྱིས་ཁེངས་པར་བྱེད་དགོས”ཞེས་གསུངས། བདག་ནི་ཁོང་གི་གསུང་འདི་དག་ལ་ཡོངས་སུ་འཐད་དོ། །
སློབ་གསོ་ནི་བློ་རིག་ནར་སོན་པའི་བརྒྱུད་རིམ་ཡིན་ལ། ཕ་སྐད་ནི་བློ་རིག་ནར་སོན་སའི་ཆེས་གལ་ཆེ་བའི་ཁོར་ཡུག་ལས་གཅིག་རེད། ཕ་སྐད་ནི་རིག་གནས་གང་དེའི་འོ་སྤྲི་དང་འདྲ། ང་ཚོས་ཕ་སྐད་ཀྱི་གསོ་སྐྱོང་ཁྲོད་ད་གཟོད་བསམ་གཞིག་གཏོང་ཤེས་ཤིང་། སྨྲ་བརྗོད་བྱེད་ནུས་ལ། བསམ་བློ་བརྗེ་རེས་བྱེད་ཐུབ་པར་གྱུར་བ་རེད། ཕྱིས་འབྱུང་གི་སློབ་གསོ་ཁྲོད་ཁྲིད་ཚན་དང་ཁྱབ་ཁོངས་མི་འདྲ་བ་ཡོད་ངེས་ནའང་སློབ་གསོ་ཡོད་ཚད་ཀྱི་རྩ་བའི་རྨང་གཞི་ནི་ཡང་དག་པའི་སྒོ་ནས་ཀློག་པ་དང་། བསམ་པ་དང་། འབྲི་བ་བཅས་ལས་གཞར་ཡང་མ་འདས་སོ། ། ཡང་དག་པའི་རྨང་གཞི་འདི་དག་ནི་ཕ་སྐད་ཀྱི་སྦྱོང་བརྡར་ཡག་ཤོས་འཐོབ་པ་ལས་རྨང་གཞི་གཏང་དགོས་པ་ཞིག་རེད། སྐད་ཡིག་ལ་གཟབ་ནན་གྱི་འདུ་ཤེས་བཟུང་ནས་ཐ་སྙད་གཅིག་ཡིན་ཡང་ཡང་དག་པར་བཀོལ་སྤྱོད་བྱེད་པ་ནི་གཞན་གྱིས་གོ་བ་ཕྱིན་ཅི་ལོག་ལེན་རྒྱུ་འགོག་པའི་ཆེད་ཁོ་ན་མ་ཡིན་པར་བློ་རིག་གི་འཚོ་བར་བཟུང་བའི་གཟབ་ནན་གྱི་རྣམ་འགྱུར་ཅིག་ཀྱང་རེད། དེ་ལས་ལྡོག་སྟེ་བསམ་བློའི་ངལ་རྩོལ་ལ་སེམས་ཤུགས་ཡོད་ཚད་འབུལ་མཁན་ཞིག་ཡིན་ཚེ་ངལ་རྩོལ་གྱི་བྱས་འབྲས་ལ་བརྩི་འཇོག་བླ་ལྷག་བྱེད་ངེས་ཤིང་སྨྲ་བརྗོད་ཀྱི་སྐབས་སུ་ཡི་གེ་གཅིག་ཡིན་ཡང་གཟབ་ནན་གྱི་བློ་ཁྱད་པར་བ་འབྱུང་བ་ཡིན།
གལ་ཏེ་རིག་གནས་ནི་ཡོན་ཚད་ཅིག་ཡིན་པའི་དབང་དུ་བཏང་ན་ཕ་སྐད་ནི་ཡོན་ཚད་འདིའི་རྩ་བ་ཡིན་ལ་ཡོན་ཚད་ཀྱི་སྟེང་གི་ཆད་ལྷག་གང་ཡང་སྐད་ཡིག་གི་ཐོག་ནས་མངོན་ངེས་ངེས་ཤིག་རེད། སྐད་ཆ་དྲག་རྩུབ་ཀྱིས་སྨྲ་མཁན་ཞིག་ཡིན་ན་ང་ཚོས་ཁོར་རིག་གནས་མི་འདུག་ཅེས་སྨྲ་ངེས་ལ། སྐད་ཆ་གསོག་གསོབ་སྨྲ་མཁན་ཞིག་ཡིན་ཚེ་ང་ཚོས་ཁོ་ནི་རིག་གནས་པ་རྫུན་མ་ཞིག་ལ་མཐོང་ངེས། མི་ཞིག་གི་བྱ་བྱེད་སྟེང་གི་མངོན་པར་འཕགས་པའི་ཆ་དེ་དག་ནི་དུས་རྒྱུན་གྱི་ལྷོད་པ་མེད་པའི་རང་སྟེང་གི་སྦྱོང་བརྡར་ལས་ཐོན་པ་ཤ་སྟག་ཡིན་ལ་སྐད་ཡིག་ཐད་ཀྱི་སྦྱོང་བརྡར་ཡང་དེ་བཞིན་རེད། ཡོངས་བསྒྲགས་ཀྱི་རྩོམ་ཡིག་ཕར་ཞོག་མི་ཞིག་ལ་བསྐུར་བའི་འཕྲིན་ཡིག་ཅིག་དང་ཐ་ན་རང་ཁོ་ནས་བལྟ་རྒྱུའི་ཉིན་ཐོ་ཙམ་ཡིན་ཡང་ཐ་སྙད་དང་བརྡ་སྤྲོད་ཀྱི་ཡང་དག་དང་རྩོམ་ཉམས་ཀྱི་གཟབ་ནན་ལ་ངེས་པར་གཙིགས་ཆེན་བྱ་དགོས་ཤིང་ཚིག་གི་ཆད་ལྷག་དང་འཐུས་ཤོར་གང་ཡང་མེད་པར་བྱེད་དགོས། འདི་ལྟར་རྒྱུན་བསྐྱངས་པས་ད་གཟོད་སྐད་ཡིག་གི་གོམས་སྲོལ་ཡག་ཤོས་ཆགས་ངེས་ལ་འདི་ནི་ཏག་ཏག་མི་ཞིག་གི་སྐད་ཡིག་སྟེང་གི་ཡོན་ཚད་རེད་དེ། ཡོན་ཚད་ཟེར་བ་ནི་གཉུག་ནུས་ལས་ཐོན་པའི་གོམས་སྲོལ་བཟང་ཤོས་ཤིག་ལ་གོ་དགོས་སོ། །
ལོ་ངོ་བརྒྱ་ཕྲག་གི་སྔོན་ལ་ནེ་ཚེ་ལགས་ཀྱིས་འཇར་མན་གྱི་གཞོན་ནུ་ཚོས་འཇར་ཡིག་གི་རྩོམ་མཁན་གྲགས་ཅན་རྣམས་ལས་ཕ་སྐད་མི་སྦྱོང་བར་སྨྱན་བྱེད་ཁག་ནས་སྦྱོང་བར་འཁང་ར་གནང་ཞིང་། ཁོ་ཚོའི་“ནར་མ་སོན་པའི་སེམས་ཁམས་ལ་གསར་འགྱུར་མཛེས་རྟོག་སྤྲོ་སྣང་ལ་བཅངས་པའི་དམུ་རྒོད་ཀྱི་མཚོན་རྟགས་ཤིག་བཏབ་འདུག”ཅེས་གསུངས། བརྒྱ་ལ་ནེ་ཚེ་ལགས་ད་ལྟའི་དྲ་རྒྱའི་དུས་རབས་འདིར་འཚོ་བཞེས་གནང་ཡོད་ཚེ་ཁོང་གིས་སེམས་ལ་ཅི་ཞིག་འདོད་ཅིང་ང་ཚོར་ཅི་ཞིག་གསུང་ངེས་སམ། ཁོ་བོ་སྒེར་གྱིས་ནི་དྲ་ལམ་སྐད་ཡིག་གི་དར་འཕེལ་གྱིས་རྩོམ་འབྲིའི་ཁྱབ་རྒྱ་དང་རང་དབང་སྨྲ་བརྗོད་ཀྱི་བར་སྟོང་ཇེ་ཡངས་ལ་བཏང་བས་དོན་དགའ་ཞིག་ཏུ་མཐོང་མོད། ཡིན་ཡང་འདི་ལས་ནེ་ཚེ་ལགས་ཀྱིས་གསུང་བའི“གསར་འགྱུར་མཛེས་རྟོག”གི་རྒྱ་ཡན་ལ་ངེས་པར་དོགས་ཟོན་གནང་དགོས་པར་བསམ། དྲ་ལམ་གྱི་སྐད་ཡིག་ནི་ཏག་ཏག་སྟབས་སྟབས་པོར་བྲིས་པ་ཡིན་སྟབས་དེའི་བྱས་འབྲས་གཉིས་སུ་ངེས་ཏེ། གཅིག་ནི་ནང་དོན་གྱི་ཐད་ནས་ཟབ་ཚད་མེད་པར་གསོག་འཇོག་དང་གྲ་སྒྲིག་མེད་ཅིང་སྐབས་ཐོག་གི་འདོད་པ་དང་དུས་རབས་ཀྱི་སྨོ་ཧམ་ངོམ་སའི་རོལ་རྩེད་ར་བ་ཞིག་གྲུབ་པ་དང་། གཉིས་ནས་སྐད་ཆའི་སྟེང་གི་རྩིང་རགས་ཏེ་ཕ་སྐད་ལ་གཟབ་ནན་མི་བྱེད་པའི་རྣམ་འགྱུར་དེ་མངོན་ཡོང་ལ། ཡིག་ནོར་ཆད་ལྷག་དང་སྐད་བརྡ་སྤྲོད་སྟངས་ཀྱི་མུ་གེ་ཐང་ཞིག་ཏུ་འགྱུར་ངེས་པར་འདོད། དེ་བས་བདག་གིས་ནི་གྲོས་མགོ་འདི་ལྟར་འདོན་པར་འདོད་དེ། མི་རིགས་གང་དང་སུ་ལ་ཡང་ཕུལ་དུ་བྱུང་བའི་ཕ་སྐད་རྩོམ་འབྲིའི་སྲོལ་རྒྱུན་ཡོད་པ་དང་། སྲོལ་རྒྱུན་འདི་ནི་རང་མི་རིགས་ཀྱི་ཚད་ལྡན་གྱི་བསྟན་བཅོས་ཁྲོད་ཡོད་པས་དེ་ནི་རྒྱུ་མཚན་གནས་ལུགས་གང་གིས་དེད་ཀྱང་ཕ་སྐད་སློབ་སྦྱོང་གི་མ་དཔེར་རུང་སྟེ། ལྡོག་སྟེ་དྲ་ལམ་སྐད་ཡིག་ནི་དེ་ལྟར་མ་ཡིན་ནོ་ཞེས་པའོ། །
དོ་རྒྱ་བསོད་ནམས་རྡོ་རྗེས་བསྒྱུར། ༢༠༢༠ལོའི་ཟླ༤ཚེས༡༡ཉིན།