དཔེ་ཀློག་གི་དོན་སྙིང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-20   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

    མིའི་རིགས་ཀྱི་རིག་གནས་ཀྱི་ཆུ་རྒྱུན་ལོ་ངོ་སྟོང་ཕྲག་མང་པོ་དལ་བུར་བཞུར་བ་ལས། དཔེ་དེབ་ཀློག་པ་ནི་མི་མང་པོ་ཞིག་གི་འཚོ་བའི་གོམས་གཤིས་སུ་གྱུར་ཡོད། བློ་སྦྱོང་གི་གཞི་མ་ནི་དཔེ་དེབ་ཀློག་པ་ཡིན་ལ། དཔེ་དེབ་ཀློག་པ་ནི་འཇིག་རྟེན་གྱི་གནས་ལུགས་གསལ་བར་རྟོགས་པའི་ཆེད་དུའོ། མིའི་རིགས་ཀྱི་བསམ་བློའི་ལོ་རྒྱུས་ལ་བལྟས་ན་སྦྱོང་བ་དང་ཀློག་པའི་བར་འབྲེལ་བ་ཤིན་ཏུ་ཟབ་ཅིང་། དེ་ནི་མི་རྣམས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཞིག་རེད། དེ་ལས་འཕྲོས་པའི་གླེང་གཞི་མང་པོ་ཞིག་ནི་མིའི་རིགས་ཀྱི་བསམ་བློའི་ལོ་རྒྱུས་ཀྱི་ཆུ་རྒྱུན་ཞིག་ཅི་ལ་མིན།

    དཔེ་དེབ་ནི་མིའི་རིགས་ཀྱི་ཉམས་མྱོང་ཡི་གེར་ཕབ་སའི་གཞི་རྟེན་ཡིན་ལ། དཔེ་དེབ་ཀློག་པ་དང་འབྲི་བ་ནི་མིའི་རིགས་ཀྱི་ཉམས་མྱོང་དང་། ཤེས་རིག བློ་གྲོས་བཅས་ཡུལ་དུས་ལས་བརྒལ་ནས་གསོག་འཇོག་དང་མི་ཉམས་གོང་དུ་སྤེལ་བའི་ཐབས་ཤེས་གཙོ་བོའོ། དེས་ན་དཔེ་ཀློག་ནི་མིའི་རིགས་ཀྱི་ཤེས་དཔལ་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐབས་ལམ་གཙོ་བོ་ཞིག་རེད།

    མ་གཞི་ཁེ་གྲགས་དོན་གཉེར་དང་རྒྱུ་ནོར་གྱི་ཆེད་དུ་དཔེ་དེབ་ཀློག་པའི་བགྱི་བ་དང་དུ་ལེན་མཁན་མེད་པ་མིན་ཀྱང་། ལོ་ངོ་སྟོང་ཕྲག་མང་པོའི་རིག་གནས་ཀྱི་ཤན་བཟང་པོས་དཔེ་དེབ་ཀློག་པ་ནི་དཔེ་ཆ་བ་མང་པོ་ཞིག་གི་འཚོ་བའི་གོམས་གཤིས་སུ་གྱུར་དང་འགྱུར་མུས་སུ་མཆིས། 

    དེང་རབས་པའི་དཔེ་ཀློག་ལ་མཚོན་ན། ཆེད་ལས་ཀྱི་དེབ་ཀློག་པ་དང་། ཆེད་ལས་མིན་པའི་དེབ་ཀློག་པ་གཉིས་རེད། འགའ་ཞིག་གིས་དཔེ་མང་ལྟ་བ་འཆོལ་བའི་རྒྱུ་རུ་བཤད་ཀྱང་། ཆེད་ལས་མིན་པའི་དཔེ་དེབ་ཀློག་པའམ་རང་གི་མོས་ཕྱོགས་དང་དེ་ཙམ་མི་མཐུན་པའི་དཔེ་དེབ་ཀློག་པའི་ཚེ་ཀློག་ཙམ་བྱས་ན་ཐང་མོད། ཆེད་ལས་ཀྱི་ཀློག་དེབ་ཀློག་པའི་ཚེ་ཚིག་ཟིན་ཁོ་ནར་ཤི་འཐམས་རོ་འཐམས་མི་བྱེད་པར་གང་དེའི་ཟབ་ཅིང་བརྗིད་པའི་སྙིང་དོན་ལ་བསམ་གཞིག་གི་མདའ་མོ་ཡང་ཡང་འཕངས་ན། བཀླགས་པ་གོ་ཆོད་དུ་གྱུར་བར་ཐེ་ཚོམ་ཅི། མ་གཞི་དཔེ་དེབ་མི་འདྲ་ན། ཀློག་སྟངས་ཀྱང་མི་འདྲ་ལ། ཀློག་པ་པོ་མི་འདྲ་བར་དཔེ་ཀློག་གི་གོམས་གཤིས་དང་ཀློག་སྟངས་ཀྱང་མི་འདྲ་བས། དེ་ལ་གཏན་འཇགས་དང་རྒྱུན་འཇགས་ཤིག་མེད། ལྕང་སྐྱ་རོལ་པའི་རྡོ་རྗེས་བསླབ་བྱ་གཞན་ཕན་བདུད་རྩིའི་སྙིང་པོ་ལས་གང་ལ་སློབ་པའི་གཞུང་ལུགས་དེ་ཉིད་ཀྱི། །མངོན་པར་མཐོ་དང་ངེས་པར་ལེགས་པའི་ལམ། །བསྐྱེད་དང་གོམས་དང་གྲུབ་པའི་འབྲས་བུའི་ཚུལ། །སྟོན་ཚུལ་ཚིག་སྤྱི་ཙམ་དུ་མ་ལུས་པར། །དོན་གྱི་གནད་འགག་སོ་སོར་ཕྱེད་པ་ཡིས། །བསམ་དང་སྒོམ་པས་ལག་ཏུ་ལེན་པ་ན། །ནམ་ཡང་གོལ་སར་འཆོར་དུ་མེད་པ་ཡི། ། ཐབས་ཚུལ་སྟོན་དང་མཉན་པ་དམ་པའི་ཚུལ། །ཞེས་གསུངས་པ་ནི་བསམ་སྦྱོར་ལེགས་ལམ་དཀྲི་བའི་ཐབས་མཆོག་ཏུ་བཤད། མ་གཞི་དེ་དག་སྔོན་བྱོན་མེས་པོའི་དཔེ་ཀློག་གི་ལྟ་བ་དང་དཔེ་དེབ་ཀློག་སྟངས་སུ་ངེས་ཀྱང་། དེང་གི་དཔེ་ཆ་བ་ཚོས་བསམ་གཞིག་བྱེད་པའི་རིན་ཐང་ཧ་ཅང་ཆེ།

    དཔེ་ཀློག་དང་བློ་སྦྱོང་གི་བར་ན་འབྲེལ་བ་དམ་ཟབ་ཡོད་དེ། བློ་སྦྱོང་གི་ལས་ཐོག་མ་ནི་དཔེ་དེབ་ཀློག་པ་དེ་ཡིན། དེང་གི་དུས་སུ། དཔེ་དེབ་བཀླགས་པ་ཙམ་གྱིས་ཀུན་སྤྱོད་ལེགས་པོར་གྱུར་བའི་ངེས་པ་མ་མཆིས་ཀྱང་། གལ་ཏེ་དཔེ་དེབ་མ་བཀླགས་ན། སེམས་རྒྱུད་དུལ་བ་ཁོ་ནར་འབད་འབད་དུང་དུང་བྱས་ཀྱང་། མི་དང་སྤྱི་ཚོགས། མི་དང་མིའི་བར་གྱི་འབྲེལ་བར་རྗེས་དཔག་བློ་ཡིས་ཤེས་རྟོགས་ཟབ་མོ་མ་བྱས་ན། འཚོ་བར་འཛིན་པའི་སྡོམ་ཚིག་ཡང་དག་ཅིག་རྙེད་དཀའ་བས། དཔེ་ཀློག་དང་བྲལ་ན་ག་ལ་འགྲིག

    འཕེལ་རྒྱས་ཀྱི་གོམ་ཁ་མྱུར་བའི་སྤྱི་ཚོགས་སུ། མ་གཞི་ལུས་སེམས་གསོ་ཐབས་མང་དུ་མཆིས་ཀྱང་། དཔེ་དེབ་ལྟ་བ་ནི་ཐབས་ཤེས་མང་པོ་ལས་མཆོག་ཏུ་གྱུར་པ་ཞིག་ཡིན། དཔེ་དེབ་ཀློག་པ་ནི་རྣམ་རྟོག་ངན་པ་ཅི་རིགས་པ་སེལ་བའི་བརྒྱུད་རིམ་ཞིག་ཡིན། དེས་ན་དཔེ་དེབ་ཀློག་པ་ལ། སེམས་པ་རྩེ་གཅིག་ཏུ་གནས་པར་བྱེད་དགོས། འགའ་ཞིག་གིས་ཉེར་མཁོའི་དཔེ་དེབ་ཁོ་ན་ལྟ་བ་ནི་འཚོ་གནས་ཀྱི་དགོས་མཁོའི་ཆེད་རེད། མི་གཞི་གསོ་བར་མཐོང་ཆེན་བྱེད་པའི་སྤྱི་ཚོགས་སུ་ཁེ་སྤོགས་ཀྱི་ཆེད་དུ་དཔེ་དེབ་ཀློག་པ་ནི་དོན་སྙིང་དེ་ཙམ་མེད་པས། རྩོམ་རིག་གིས་གཙོས་མིའི་རིགས་ཀྱི་ཚེ་སྲོག་གི་གནས་སྟངས་ལ་དོ་ཁུར་དང་བསམ་གཞིག་བྱེད་པའི་དཔེ་དེབ་མང་ཙམ་ལྟ་བ་ནི་རང་སེམས་གསོ་བའི་གཞི་མའོ།