མཛེས་སྡུག་ལྡན་པའི་ཁོར་ཡུག་གིས་ཀན་སུའུ་བོད་རིགས་ས་ཁུལ་གྱི་མང་ཚོགས་ལ་བདེ་སྐྱིད་ཀྱི་འཚོ་བ་བསྐྱལ་ཡོང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-06   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

    

    མཚོ་བོད་མཐོ་སྒང་གི་བྱང་ཤར་མཚམས་སུ“ས་ཁོངས་ཧྲིལ་པོར་གད་སྙིགས་མེད་པའི”བྱ་འགུལ་ལས་བྱུང་བའི“ཁོར་ཡུག་གསར་བརྗེ”ཞིག་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཕྱོགས་གང་སར་གཏིང་ཟབ་ངང་སྤེལ་བཞིན་ཡོད་པ་དང་། དེ་ལས་བསྐྲུན་པའི་མཛེས་སྡུག་ལྡན་པའི་ཁོར་ཡུག་དེ་གངས་ལྗོངས་ས་མཐོའི་བུ་ཕྲུག་ཀུན་གྱི་བདེ་སྐྱིད་འཚོ་བའི་འབྱུང་ཁུངས་གལ་ཆེན་ཞིག་ཏུ་གྱུར་ཡོད། 

    2015ལོར་ཀན་ལྷོ་ཁུལ་གྱིས“ས་ཁོངས་ཧྲིལ་པོར་གད་སྙིགས་མེད་པའི”བྱ་སྤྱོད་དར་སྤེལ་བཏང་ཞིང་། ཁུལ་ཡོངས་ཀྱི་སྤྱི་ལེ་གྲུ་བཞི་མ་ཁྲི4ལྷག་ཙམ་གྱི་རྩྭ་ཐང་སྟེང“ཁོར་ཡུག་གསར་བརྗེ”ལག་བསྟར་བྱས་ནས“མཐོང་ལམ་དུ་གད་སྙིགས་མེད་པའི”བླང་བྱ་བཏོན་པ་མ་ཟད། ཁོར་ཡུག་བཅོས་སྒྲིག་དང་འཚོ་བའི་གོམས་སྲོལ་སྒྱུར་བཅོས་ཀྱི་ཚད་གཞི་ཁག་བཅུ་ལྷག་བཟོས་ནས་རྩྭ་ཐང་དང་འགྲོ་ལམ་སོགས་ཞིབ་ཕྲའི་ལེགས་བཅོས་བྱས་པ་རེད། 

“ཁོར་ཡུག་གསར་བརྗེས”ཀྱིས་ཀན་ལྷོ་ཁུལ་གྱི་མང་ཚོགས་ལ་དངོས་གནས་ཀྱི་བདེ་ཐང་ཁེ་ཕན་དང་འཕེལ་རྒྱས་ཀྱི་གཏམ་བཟང་བསྐྱལ་ཡོད། མིག་སྔར། “ཐུམ་འབུའི་ནད”སོགས་འབྲོག་ཁུལ་གྱི་རྒྱུན་ཐོན་ནད་གཞི་ཕོག་ཚད་ཆེས་ཆེར་ཆག་ཡོད་པ་དང་།ཀན་ལྷོ་ཁུལ་གྱི་མི་རེའི་ཆ་སྙོམས་ཚེ་ཚད་ཀྱང་ཆེས་ཆེར་མཐོ་རུ་ཕྱིན་ནས2018ལོར་ལོ66ལ་སླེབས་ཡོད། 

    གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། བདེ་ཐང་གི་གནས་ཚུལ་ནི་ཀན་ལྷོ་འབྲོག་ཁུལ་གྱི་མང་ཚོགས་དབུལ་ཐར་ཡོང་རྒྱུར་ཤུགས་རྐྱེན་བཟོ་བའི་རྒྱུ་རྐྱེན་གལ་ཆེན་ཞིག་རེད། དུས་ཡུན་རིང་པོའི་ནང་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་ལས་འབྲོག་ཁུལ་གྱི་མང་ཚོགས་ཁག་གཅིག་གི་བདེ་ཐང་འདུ་ཤེས་ཡང་དག་མིན་པ་དང་ནད་རིགས་སྣ་ཚོགས་རྒྱུན་པར་བྱུང་བ་རེད། “ཁོར་ཡུག་གསར་བརྗེ”བྱས་པ་བརྒྱུད། ཀན་ལྷོ་ཁུལ་གྱིས་སྤྱི་ལེ་གྲུ་བཞི་མ་ཁྲི4.5ཡི་རི་སྔོ་ཆུ་དྭངས་ཀྱི་རྩྭ་ཐང་དུ“ས་ཁོངས་ཧྲིལ་པོར་གད་སྙིགས་མེད་པའི”དམིགས་ཚད་མངོན་འགྱུར་བྱུང་བ་དང་། མཛེས་སྡུག་ལྡན་པའི་ཁོར་ཡུག་གཏོད་པ་དང་ཆབས་ཅིག་ཏུ་མང་ཚོགས་ལ་རྫོགས་མཐའ་མེད་པའི“བདེ་ཐང་དངུལ་ཁང”ཞིག་ཀྱང་བསྐྲུན་པ་རེད། 

    མིག་སྔའི་བར་ཀན་ལྷོ་ཁུལ་གྱིས་ཨ་བྲའི་གནོད་འཚེ་ཕོག་པའི་རྩྭ་ཐང་མུའུ་ཁྲི1573.5དང་། འཁོར་རྒྱུག་བྱེ་སྒང་མུའུ་ཁྲི3.55། བྱེ་འགྱུར་རྩྭ་ས་མུའུ་ཁྲི10.69། ཞན་འགྱུར་རྩྭ་ཐང་མུའུ་ཁྲི116བཅས་བཅོས་སྐྱོང་བྱས་པས་སྐྱེ་ཁམས་ཁོར་ཡུག་སྔར་བས་སླར་གསོ་ཐུབ་ནས་ལྗང་མདོག་སྔོ་ཁེབས་ཁྱབ་ཚད95%ཡན་ཟིན་ཡོད་པ་རེད། །