རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-07   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།
ཕོ་བྲང་པོ་ཏ་ལ་ནི་ཐོག་མར་སྤུ་རྒྱལ་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོས་དངོས་སུ་སྲིད་དབང་བཟུང་ཞིང་རྒྱལ་ས་སྐྱིད་ཤོད་ཡུལ་དུ་སྤོས་རྗེས་དུས་རབས་བདུན་པའི་དུས་འགོར་ཤིང་མོ་ལུག་ཕྱི་ལོ༦༣༥ལོར་ཐོག་མར་དམར་པོ་རི་ལ་ས་དཔྱད་མཛད་ཅིང་རྒྱལ་པོ་རང་ཉིད་བཞུགས་སའི་ཕོ་བྲང་ཞིག་གསར་དུ་བཞེངས་འགོ་ཚུགས་ཏེ་རྨང་འདིང་། ཕོ་བྲང་གི་ལྕགས་རི་རྒྱ་ཁྱོན་ཆེ་ལ་གྲུ་བཞི་སོ་ཕག་གིས་བརྩིགས། འཕང་གི་གྱང་འཕང་སུམ་ཅུ་རྩ་བཞི་འཁར་དགུ་ཐོག་དང་མཉམ་པ། གཞན་འཇིགས་པའི་ཡན་ལག་ཏུ་ལྕགས་རིའི་ནང་དུ་སོ་ཕག་གི་མཁར་དམར་པོ་དགུ་བརྒྱ་དང་དགུ་བཅུ་གོ་དགུ་ཡོད་པ། རྗེའི་སྐུ་མཁར་གྱི་རྩེ་མོ་ཉིད་དང་སྟོང་ཡོད་པ་བརྩིགས། མཁར་ཐམས་ཅད་ཁ་བད་རིན་པོ་ཆེའི་རྒྱན་མདའ་གཡབ། པུ་ཤུ་དྲིལ་བུ། གཡེར་ཁའི་སྒྲ་འཁྲོལ་བ། དེའི་བཀོད་པ་མཛེས་ཤིང་ལེགས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣའི་དྲ་བ་དྲ་ཕྱེད་ཀྱིས་བརྒྱན་ཏེ་ཡིད་དུ་འོང་ཞིང་། མཁར་རེ་རེའི་རྩེ་ལ་མདུང་བ་དན་དམར་པོ་ཁྲེའུ་ཅན་སྟོང་སྟོང་བཙུགས་པ། མཐའི་དམག་དཔུང་བྱུང་ཡང་མི་ལྔས་སྲུང་ཐུབ་པའི་སྲ་བརྟན་གྱི་ཁྱད་ཆོས་ལྡན་ཞིང་། ལྷོ་ཕྱོགས་ཀྱི་ཐད་ན་བཙུན་མོའི་ཕོ་བྲང་མཁར་དགུ་ཐོག་རྒྱལ་པོའི་ཕོ་བྲང་དང་མཉམ་པ་བརྩིགས་ཏེ་ཟམ་པས་སྦྲེལ་ནས་ཡོད། ཕོ་བྲང་གི་ཤར་ཕྱོགས་ཀྱི་སྒོར་རྒྱལ་པོའི་ཆིབས་རྟ་རྒྱུགས་ས་ལ་འཕངས་སུ་འདོམ་དོ་དང་། ཞེང་དུ་འདོམ་བཅོ་བརྒྱད། དཀྱུས་སུ་འདོམ་སུམ་བརྒྱ་ཡོད་པ་མཐའ་ན་ཤིང་གི་དྲ་བ་དྲ་ཕྱེད་ལ་ཚོན་རྩི་བྱུགས་ནས་སྲ་རྩིས་གནན་པ། རིན་པོ་ཆེས་སྤྲས་པ་སོགས་མདོར་ན་སྐབས་དེའི་པོ་ཏ་ལའི་ཕོ་བྲང་འདིའི་བཟོ་དབྱིབས་དཔེ་རིས་ཁུངས་བཙུན་ནི། ལྷ་ས་གཙུག་ལག་ཁང་གི་གཞུང་སྒོ་ནང་མའི་གཞོགས་ངོས་སུ་ཡོད་པའི་ལྡེབས་བྲིས་རྙིང་པ་དེ་ཡིན་པར་གྲགས་སོ། །
དེ་ནས་ཕྱིས་སུ་ཡོངས་གྲགས་ལ་དུས་རབས་བཅུ་བདུན་པའི་དཀྱིལ་རབ་བྱུང༡༡པའི་ཆུ་རྟ་ཕྱི་ལོ༡༦༤༢ཙམ་ལ་གོང་ས་ལྔ་པ་ཆེན་པོས་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཟུང་བ་དང་། ཤིང་བྱ་ཕྱི་ལོ༡༦༤༥ལོའི་བོད་ཟླ༣ཚེས༢༥ལ་སྡེ་སྲིད་བསོད་ནམས་རབ་བརྟན་ལ་ཕོ་བྲང་བསྐྱར་གསོ་གཙོ་སྐྱོང་དགོས་པའི་བཀའ་གསུངས་བཞིན་ལོ་གསུམ་ནང་ཕོ་བྲང་ཉམས་གསོ་གྲུབ། རྗེས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཕྱི་ལོ༡༦༩༠ལོར་ཕོ་བྲང་དམར་པོ་སོགས་གསར་བཞེངས་གནང་། སྤྱིའི་རྒྱ་ཁྱོན་ལ་སྨིས་གྲུ་བཞི་མ་ཁྲི༣༦ལྷག་ཙམ་ཡོད་པ་དང་། མཐོ་ཚད་སྤྱི་ཁྲུ༡༡༧.༡༩དང། ཤར་ནུབ་ཀྱི་རིང་ཚད་ལ་སྨིས༣༦༩ཡོད་ལ། ལྷོ་བྱང་གི་ཞེང་ཚད་ལ་སྨིས༡༧༠ཡོད། འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཤོས་སྤྱི་ཁྲེ་སུམ་སྟོང་བདུན་བརྒྱ་ལྷག་ཙམ་ཡོད་པའི་བྲག་རིའི་སྟེང་ཕོ་བྲང་དང་མཁར་རྫོང་། དགོན་པ་བཅས་ངོ་བོ་གཅིག་འདྲེས་སུ་ཡོད་པ་བཅས་ད་ལྟའི་བར་དུ་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པ་ཡིན་ནོ། ། (པར་རིས་ཡོང་ཁུངས།པའེ་ཏུའུ་དྲ་བ།)