མིང་གཞིའི་རྟགས་ཀྱི་དབྱེ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-13   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

བོད་ཡིག་རྟགས་ཀྱི་དབྱེ་བ་ལ། །

སྤྱིར་བཏང་དབྱངས་མོ་གསལ་བྱེད་ཕོ། །
མིང་གཞིའི་ནང་གསེས་རྟགས་ཀྱི་ཁྱད། །
ཀ་ཅ་ཏ་པ་ཙ་ལྔ་ཕོ། །
ཁ་ཆ་ཐ་ཕ་ཚ་མ་ནིང་། །
ག་ཇ་ད་བ་ཛ་དང་ཝ།
ཞ་ཟ་འ་ཡ་ཤ་ས་མོ།།
ང་ཉ་ན་མ་ཤིན་ཏུ་མོ། །
ར་ལ་ཧ་ནི་མོ་གཤམ་སྟེ། །
ཨ་ནི་མཚན་མེད་ཅེས་ཀྱང་བྱ། །

        སྤྱིར་བོད་སྐད་དུ་ཉེ་བར་གྲགས་པའི་ཡི་གེ་རྣམས་ལ་ཕོ་མོ་གཉིས་སུ་དབྱེ་བའི་དབང་དུ་བཏང་ན། དབྱངས་ཡིག་མཚོན་བྱེད་ཨི་ཨུ་ཨེ་ཨོ་བཞི་ནི་ཤེས་རབ་ཀྱི་རང་བཞིན་མོ་དང་། ཀ་ནས་ཨའི་བར་མཐར་ཐུག་པ་གསལ་བྱེད་སུམ་ཅུ་ནི་ཐབས་ཀྱི་རང་བཞིན་ཕོ་ཡིན་ཏེ། མོ་ཡི་ཡི་གེ་མེད་པ་ན། ། ཕོ་ཡིག་བརྗོད་པ་མེད་པར་འགྱུར། ། ཕོ་ཡིག་དེ་དག་རྣམས་ལ་ཡང་། ། འཇུག་པར་བཅས་པ་མེད་ན་ནི། ། དོན་རྣམས་བརྗོད་པར་མི་འགྱུར་རོ། ། ཞེས་གསུངས་པ་བཞིན་ནོ། །
        ཀ་སོགས་གསལ་བྱེད་དུ་ཕོ་ཡིག་ཡིན་པས། ག ཇ། ད་རྣམས་ཀློག་ཚེ། སྒྲ་ཤིན་ཏུ་ལྷོད་པར་བྱས་ནས་སྣ་སྒྲ་དང་ལྡན་པར། ཀ་ཁ་འགའ་ང་། ཅ་ཆ་འཇའ་ཉ། ཏ་ཐ་འདའ་ན། ཞེས་བཏོན་ན་མཚན་ཉིད་དང་མི་མཐུན་པར་གྱུར་ཏེ། གཏམ་དུ། ག་ལ་ཡིན་པར། འགའ་ཡིན། ཞེས་དང་། ཇ་འཐུང་བ་ལ། འཇའ་འཐུང་། ཞེས་དང་། ད་དུང་ལ། འདའ་དུང་། ཞེས་མི་ཟེར་བ་དང་། སྦྱོར་ཀློག་ཏུ། གང་ལ་འགང་དང་། ཇག་ལ་འཇག་དང་། དམ་ལ་འདམ། ཞེས་མི་འདོན་པས་གསལ། དེ་དག་སྔོན་འཇུག་གི་འཇུག་ཡུལ་དུ་སོང་ཚེ། གཟོད་མོ་ཡིག་ཏུ་གྱུར་པ་ཡིན་ནོ། ། འོ་ན་ཁ་ཅིག་གིས་དེ་ལྟར་འདོན་དོན་ཅི་ཞེ་ན། ཀ་ཁ་ག་གྷ་ང་། ཏ་ཐ་ད་དྷ་ན། ཞེས་ལེགས་སྦྱར་གྱི་ཀློག་ཚུལ་གྱི་དབང་དུ་ཤོར་བ་ཡིན་ལ། བོད་རང་སྐད་དུ་གོང་དུ་སྨོས་པ་བཞིན་སྣ་སྒྲ་མེད་པར་བྱེད་རྩོལ་ལྷོད་པའི་ཚུལ་གྱིས་འདོན་པ་ཡིན་ནོ། །
        གསལ་བྱེད་ཀྱི་ཡི་གེ་རྣམས་མིང་གཞིར་སོང་བའི་ཚེ། ཀ་ཅ་ཏ་པཙ་ལྔ་བོ་རྗོད་པའི་བྱེད་རྩོལ་གྱི་ཤུགས་ཤིན་ཏུ་གྲིམ་ཞིང་དྲག་པས་ཕོ་དང་། ཁ་ཆ་ཐ་ཕ་ཚ་ལྔ་བོ་རྗོད་པའི་བྱེད་རྩོལ་གྲིམ་ལྷོད་རན་པས་མ་ནིང་དང་། ག་ཇ་ད་བ་ཛ་ཝ་ཞ་ཟ་འ་ཡ་ཤ་ས་བཅུ་གཉིས་རྫོད་པའི་བྱེད་རྩོལ་ལྷོད་པས་མོ་དང་། ང་ཉ་ན་མ་བཞི་བོ་རྗོད་པའི་བྱེད་རྩོ་ལ་ཤིན་ཏུ་ལྷོད་པས་ཤིན་ཏུ་མོ་དང་། ར་ལ་ཧ་གསུམ་པོ་རྗོད་པའི་བྱེད་རྩོ་ལ་ཆེས་ཤིན་ཏུ་ལྷོད་པས་མོ་གཤམ་དང་། ཨ་ནི་དབྱངས་གསལ་གཉིས་ལ་འགྲོ་བས། མཚན་མེད་ཀྱི་ཡི་གེ་ཞེས་ཀྱང་བྱའོ། །
        དེ་ལྟར་སྡེ་ཚན་ལྔ་རུ་དྲིལ་བའི་དགོས་པ་ནི། དེ་རྣམས་མིང་གཞིར་སོང་བའི་ཚེ། རང་རང་གི་སྐྱེ་གནས་ལས་དབྱུང་བའི་བྱེད་རྩོལ་དང་རླུང་ཤུགས་མི་འདྲ་བའི་ཁྱད་པར་དབྱེ་ཕྱིར་དང་། དེ་ལ་སྔོན་རྗེས་རྣམས་སྒྲ་གདངས་ཇི་ལྟར་འཇུག་པའི་གཞི་ངོས་གཟུང་བའི་ཕྱིར་རོ། །