རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-28   རྩོམ་ཁུངས།    མཚོ་སྔོན་པོའི་དྲ་བ།
བོད་ལྗོངས་སྙེ་མོ་རྫོང་ནི་བོད་དབུས་ལྷོའི་ཁུལ་གྱི་ཡར་ཀླུང་གཙང་པོའི་བར་རྒྱུད་དང་དབུས་གཙང་གཉིས་ཀྱི་འབྲེལ་མཚམས་ཏེ། ལྷ་ས་དང་བར་ཐག་སྤྱི་ལེ་༡༤༠སར་གནས་ཡོད། སྙེ་མོ་རྫོང་གི་ཤར་དུ་ལྷ་ས་གྲོང་ཁྱེར་གྱི་འདམ་གཞུང་དང་ཆུ་ཤུར། ལྷོ་རུ་གཞིས་རྩེ་ས་ཁུལ་གྱི་རྣམ་གླིང་རྫོང་། ནུབ་དུ་ལྷོ་ཁ་ས་ཁུལ་སྣ་དཀར་རྩེ་རྫོང་། བྱང་དུ་ནག་ཆུ་ས་ཁུལ་གྱི་སྤང་ཀ་རྫོང་བཅས་ཆགས་ཡོད། རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་༣༢༦༨.༩༨དང་། ཁོངས་གཏོགས་སུ་ཤང་བདུན་དང་། གྲོང་རྡལ་གཅིག སྲིད་འཛིན་གྲོང་ཚོ༣༢བཅས་ཡོད་པའི་ཞིང་ལས་གཙོ་བོར་བྱས་པའི་ས་མ་འབྲོག་གི་རྫོང་ཞིག་ཡིན། རྫོང་གྲོང་ནས་བར་ཐག་སྤྱི་ལེ་༣༠ཙམ་གྱི་སར་ཆགས་པའི་སྙེ་མོ་རྫོང་ཐོན་པ་ཤང་ནི་བོད་སྤོས་ཀྱི་ཐོག་མའི་ཐོན་ཡུལ་ཞིག་ཡིན། བོད་སྤོས་ལ་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད་ཅིང་། བོད་སྤོས་དངོས་སུ་བོད་ལྗོངས་ས་ཁུལ་དུ་འཕེལ་རྒྱས་འགྲོ་ཐུབ་པ་དེ་ཡང་སངས་རྒྱས་ཆོས་ལུགས་བོད་དུ་དར་སྤེལ་བྱུང་བ་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན། དེ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ནང་སའི་རིག་གནས་དང་རྒྱ་གར་གྱི་རིག་གནས་གཉིས་བོད་ལྗོངས་ས་མཐོར་དར་ཁྱབ་ཆེན་པོ་བྱུང་བ་དང་། རིག་གནས་གཉིས་ཀྱི་སྤེལ་ཐབས་དེ་མཐར་ནང་ཆོས་ཀྱི་ཐབས་ལམ་བརྒྱུད་དེ་བོད་དུ་དར་སྤེལ་བྱུང་ཡོད།
བོད་སྤོས་ཀྱི་འབྱུང་ཁུངས་ཐད་ནས་བརྗོད་ན། དེ་ཡང་སྤྱི་ལོའི་དུས་རབས་བདུན་པའི་དུས་དཀྱིལ་དུ་བདག་ཅག་གི་སློབ་དཔོན་ཆེན་མོ་ཐོན་མི་སམ་བྷོ་ཊ་མཆོག་བློན་ཆེན་གཞན་དང་མཉམ་དུ་ཐང་གི་རྒྱལ་རབས་ནས་རྒྱ་བཟའ་འུན་ཤིང་ཀོང་ཇོ་མནའ་མར་བསུས་ཏེ་རང་ཡུལ་དུ་ཕྱིར་ལོག་མཛད་སྐབས། ཕ་ཡུལ་ཐོན་པར་གདོན་གེགས་བྱུང་ནས་ནད་ཡམས་གང་སར་ཁྱབ་ཡོད་པ་མཁྱེན་སྐབས། ཁོང་གིས་ཉིན་མཚན་ཀུན་དུ་དཔེ་ཆ་ཀློག་འདོན་གནང་ནས་ནད་ཡམས་འགོག་ཐབས་ཇི་ལྟར་བྱས་ཀྱང་ཕན་ནུས་དེ་ཙམ་མ་ཐོན། མཚན་མོ་ཞིག་ལ་སློབ་དཔོན་ཐོན་མིའི་རྨི་ལམ་ནང་ཇོ་བོ་ཤཀྱ་མུ་ནེ་དང་མཇལ་བ་མ་ཟད། ཇོ་བོས་སློབ་དཔོན་ཐོན་མིར་རི་སྟེང་དུ་འོད་འཚེར་ཞིང་དྲི་མ་མི་འདྲ་བའི་སྨན་རྩ་དེ་རྣམས་བཏུས་ནས་མེ་སྤར་ནས་ལུང་པ་དུ་བས་ཁེངས་པ་དང་། ལུང་པའི་ཆུ་མིག་གི་ཆུ་བེད་སྤྱད་ནས་སྨན་རྩ་རྣམས་བཟས་ན་ནད་གཞི་དག་དྲག་སྐྱེད་ཡོང་བའི་རྨི་ལམ་ངོ་མཚར་ཅན་ཞིག་རྨིས། དེའི་ཉིན་གྱི་སྔ་དྲོར་ཁོང་གིས་བྱང་རིའི་ལྡེབས་སུ་སྨན་རྩྭ་འཐུ་བར་ཕེབས་ཏེ་བཏུས་པའི་སྨན་རྩྭ་མེར་བསྲེགས་ནས་དུ་བ་གྲོང་ཚོ་ཀུན་ཏུ་ཁྱབ་པར་བྱས་ཤིང་ཡུལ་མི་རྣམས་ལ་གཏེར་ཆུའི་སྨན་རྩྭ་འཐུང་དུ་བཅུག་པས་ཕན་ནུས་ཐོན་ཏེ་ཡུལ་མི་ཚོའི་ནད་གཞི་རིམ་བཞིན་དྲག་སྐྱེད་བྱུང་། དེ་ནས་བཟུང་ཐོན་མི་མཆོག་གིས་ནད་ཡམས་སྔོན་འགོག་བྱ་ཆེད་སྨན་རྩྭ་དེ་དག་མཐུན་སྦྱོར་བྱས་ཏེ་ཡུལ་མི་ཚོར་ནམ་ཀུན་ཁྱིམ་ཚང་ནང་བདུག་ཏུ་བཅུག་ཅིང་དུས་ད་བར་རྒྱུན་འཁྱོངས་བྱས་ཡོད་ལ། ཐོན་མི་མཆོག་གིས་ད་དུང་རྒྱ་བཟའ་འུན་ཤིང་ཀོང་ཇོས་བསྣམས་ཕེབས་པའི་སྤོས་བཟོའི་ལག་རྩལ་དང་ཟུང་འབྲེལ་བྱས་ནས་སྨན་རྩྭ་དེ་དག་ཞིབ་བརྡར་བྱས་ཏེ་ཆག་པ་བཟོས་ཤིང་བེད་སྤྱོད་སྐབས་སྟབས་བདེ་ཡོང་བ་བྱས་ཡོད། དེ་རྗེས་ཁོང་གིས་ད་དུང་སྨན་ནུས་མི་འདྲ་བའི་སྤོས་ཞིབ་བཟོ་མཛད་པ་དང་། དྲི་ཞིམ་གྱི་བོད་སྤོས་བཟོ་བའི་གསང་བ་དང་བོད་སྤོས་བཟོ་བའི་ལག་རྩལ་ཚང་མ་ཕ་ཡུལ་ཐོན་པ་ཤང་གི་མི་དམངས་ལ་རྒྱུད་སྤྲོད་ཀྱང་གནང་ཡོད་ལ། དེས་མ་ཟད་ཕ་ཡུལ་གྱི་ལྷོ་རིའི་ཆུ་འགོར་རབ་གནས་གནང་ནས་ཡུལ་མི་ཚོས་ཆུ་བཏུང་ཚེ་བར་ཆད་མི་ཡོང་བའི་སྨོན་ལམ་ཀྱང་གནང་བ་རེད། སྙེ་མོ་ཐོན་པའི་བོད་སྤོས་ཀྱི་རྒྱུ་ཆ་སྤུས་དག་ཡིན་ལ། དམིགས་བསལ་ཁྱད་ཆོས་ལྡན་པའི་སྤོས་བཟོའི་ལག་རྩལ་བེད་སྤྱད་ནས་གྲུབ་པ་ཞིག་ཡིན་ཞིང་། མི་རབས་མང་པོའི་ནང་རྒྱུད་སྤྲོད་བྱས་པའི་ངོ་མཚར་ཆེ་བའི་བོད་སྤོས་ཀྱིས་ནད་དང་མུ་གེའི་རིགས་མི་ཐོན་པ་དང་། མིའི་རིགས་ཀྱི་རིག་སྟོབས་འཕེལ་བ། ལུས་པོའི་རིམས་འགོག་ནུས་པ་མཐོ་རུ་འགྲོ་རྒྱུར་ཕན་པ་མི་དམན་པ་ཞིག་ཐོན་པ་མ་ཟད། ལྷག་པར་དུ་ཁོར་ཡུག་གི་ཁ་དབུགས་གཙང་སེལ་དང་། ནད་འབུ་ཕྲ་རབ་མི་ཐོན་པ། འགོས་ནད་ དག་སྔོན་འགོག་ཐུབ་པ་ལ་སོགས་ཀྱི་ནུས་པ་ཐོན་གྱི་ཡོད། བོད་སྤོས་འདི་ཉིད་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་སྐབས་མཁོ་བ་ཙམ་མ་ཡིན་པར། ཐད་ཀར་བོད་སྨན་གྱི་རིགས་དང་འདྲ་བར་ནད་བཅོས་བྱ་གཞག་ལ་ཡང་ཕན་པ་ཆེན་པོ་ཐོན་གྱི་ཡོད། དེའི་རྒྱུ་མཚན་ནི་བོད་སྤོས་ནང་རྩ་ཆེན་གྱི་རི་སྐྱེས་སྨན་རྩ་མང་པོ་སྡེབ་སྦྱོར་བྱས་ཡོད་དེ། དཔེར་ན། ཁ་ཆེ་ཤ་སྐམ་དང་། ཙན་དན། གུར་གུམ། ག་བུར། ཤུག་པ་སྐམ་པོ་དང་། གླ་རྩི། ཙན་དན་དཀར་དམར། ཨ་གར། སུག་སྨེལ། ན་གི་ལ་སོགས་རྩ་ཆེའི་སྨན་རྩ་མང་པོ་ཚུད་ཡོད། བོད་སྤོས་ནི་གནས་ཡུལ་གང་དུའང་བེད་སྤྱོད་རུང་ཞིང་། དྲི་ཞིམ་ཕྱོགས་བཞིར་ཁྱབ་ཐུབ་པ་མ་ཟད། སྤྱིར་བཏང་གི་འཆམ་རིམས་དང་འགོས་ནད་རང་བཞིན་གྱི་འཆམ་རིམས། དེ་བཞིན་རིམས་ནད་གཞན་དག་སྔོན་འགོག་ཐུབ་རྒྱུར་བླ་ལྷག་གི་ནུས་པ་ཐོན་གྱི་ཡོད། སྙེ་མོ་ཐོན་པའི་བོད་སྤོས་ཀྱི་གཞི་རྩའི་ནང་དོན་ངོས་ནས་བརྗོད་ན། བོད་སྤོས་ཐོན་སྐྱེད་བྱེད་པའི་ལོ་རྒྱུས་ཡུན་རིང་ཞིང་། སྤོས་བཟོའི་རྒྱུད་རིམ་ཡུན་རིང་ལ་རྙོག་འཛིང་ཆེ་བ། བོད་སྤོས་བཟོ་བའི་རྒྱུ་ཆ་དང་སྤོས་བཟོའི་ལས་རིམ་ལ་རེ་བ་ནན་པོ་ཡོད། བོད་སྤོས་ནི་གཙོ་བོ་མཆོད་སྤྱིན་གྱི་ཆོ་གའི་ཐོག་བེད་སྤྱོད་བྱེད་པ་ཤུགས་ཆེ་བས། དེར་བརྟེན་སྤོས་བཟོའི་རྒྱུད་རིམ་ནང་བདག་གཙང་བྱེད་རྒྱུར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། སྲོལ་རྒྱུན་བོད་སྤོས་ཀྱི་ཐོག་མའི་རྒྱུ་ཆ་མང་ཞིང་རྙོག་འཛིང་ཆེན་པོ་ཡིན་ཏེ། སྡུག་པ། ཁ་ཆེ་ཤ་སྐམ། གླ་རྩི། ཙན་དན་དཀར་པོ། ཙན་དན་དམར་པོ། སྲན་མ། ག་བུར། ཤིང་མངར་ལ་སོགས་རིགས་མི་འདྲ་བའི་རྒྱུ་ཆ་ཁག་བཅུ་གྲངས་ཚད་གཞི་ངེས་ཅན་གྱིས་སྙོམས་སྒྲིག་བྱས་ནས་བཟོས་པ་ཞིག་ཡིན། རྟོགས་ཞིབ་བྱས་པར་གཞིགས་ན། བོད་སྤོས་བཟོ་བའི་རྒྱུ་ཆ་གཙོ་བོ་ཤུག་པ་ཡིན་ཞིང་། ཤིང་དེ་རིགས་དེ་སྔོན་ཐོན་པ་ཤང་དུ་སྐྱེས་ཀྱི་ཡོད་ཅིང་། རྗེས་སུ་བོད་སྤོས་བཟོ་མཁན་གཞི་རྒྱ་ཆེ་རུ་ཕྱིན་རྗེས་ཤུག་པའི་རིགས་ཀྱང་ཉིན་རེ་ལས་ཉིན་རེར་ཇེ་ཉུང་དུ་འགྲོ་བཞིན་ཡོད། དེར་བརྟེན་ཡུལ་མི་ཚོས་རྒྱང་ཐག་སྤྱི་ལེ་བཞི་བརྒྱ་ལྷག་ཙམ་ཡོད་པའི་ཉིང་ཁྲི་ནས་དབོར་འདྲེན་བྱེད་ཀྱི་ཡོད། བོད་སྤོས་བཟོ་བའི་ཞར་བྱུང་རྒྱུ་ཆ་ཁ་ཤས་ཐ་ན་རྒྱ་གར་ནས་ནང་འདྲེན་བྱེད་པ་སོགས་ཀྱིས་རྐྱེན་པས་མདོར་ན་བོད་སྤོས་བཟོ་བའི་རྒྱུད་རིམ་ནི་ཧ་ཅང་ཡུན་རིང་ཞིང་རྙོག་འཛིང་ཆེན་པོ་ཞིག་ཡིན། སྙེ་མོ་ཐོན་པའི་བོད་སྤོས་ཀྱི་གཞི་རྩའི་ཁྱད་ཆོས་ངོས་ནས་བརྗོད་ན། ཐོན་པའི་སྤོས་ཀྱི་སྙན་གྲགས་གང་སར་ཁྱབ་དོན་གཙོ་བོ་ནི་ཐོན་པའི་གྲོག་རོང་དུ་གནའ་སྔ་མོ་ནས་ཤུག་པ་སྐྱེས་ཀྱི་ཡོད་ལ་ད་བར་མ་མཐར་ཡང་ལོ་ངོ་ལྔ་བརྒྱ་ལྷག་ཙམ་གྱི་དུས་ཡུན་ཕྱིན་ཡོད་པ་དང་། གཙང་ཞིང་བཙོག་སྐྱོན་མེད་པའི་ཤུག་པ་རྣམས་རྒྱུ་རྐྱེན་སྣ་ཚོགས་ཀྱི་རྐྱེན་པས་ད་ལྟ་རིམ་བཞིན་ཉུང་དུ་ཕྱིན་ཡོད། སྤོས་ཐོན་སྐྱེད་བྱེད་པའི་རྒྱུ་ཆ་གཙོ་བོའི་ཤུག་པ་ནི་ཀོང་ཡུལ་ནས་ཚུར་བསྡུ་བྱས་པ་དང་འགའ་རེ་ནི་འབྲུག་ཡུལ་ནས་ནང་འདྲེན་བྱེད་ཀྱི་ཡོད། དེའི་རྒྱུ་མཚན་ཡང་བོད་སྤོས་ཐོན་སྐྱེད་བྱེད་པར་རྒྱུ་ཆ་རྩེ་གྲ་དགོས་ཀྱི་ཡོད་པས་ཡིན་ལ། དེ་ནི་སྙེ་མོ་ཐོན་པའི་སྤོས་ཕུལ་བྱུང་གི་བོད་སྤོས་ཡིན་པའི་མཚོན་རྟགས་ཀྱང་ཡིན། ཆུའི་ཐོན་ཁུངས་ངོས་ནས་བཤད་ན། ཐོན་པའི་གཏེར་ཆུའི་སྟོད་རྒྱུད་ནི་བོད་ཀྱི་གྲགས་ཅན་བླ་མཚོ་གསུམ་གྱི་ཡ་གྱལ་གནམ་མཚོ་ཡིན་པས། ཐོན་པའི་རྒྱུད་དུ་ས་གཤིས་དྲོད་གཤེར་ལྡན་པ་དང་། ཆར་ཆུ་འབེལ་པོ་ཡོད་པ་མ་ཟད་ཐོན་པའི་གཏེར་ཆུ་ནི་དྭངས་ཤིང་གཙང་ལ། བསིལ་བ། དྲི་མེད་པའི་གངས་ཆུ་བཞུར་ནས་བབ་པ་ཞིག་ཡིན་སྟབས། བོད་སྤོས་བཟོ་བར་མཁོ་བའི་ལྷད་མེད་ཀྱི་ཆུ་བོའི་ཐོན་ཁུངས་ཤིག་མཁོ་འདོན་ཐུབ་ཀྱི་ཡོད། སྙེ་མོ་ཐོན་པའི་བོད་སྤོས་ཀྱི་རིན་ཐང་ཐད་ནས་བརྗོད་ན། དུས་ཡུན་རིང་པོའི་ནང་བོད་སྤོས་ནི་ཐོན་པ་ཤང་གི་ཐོན་ལས་ཀྱི་སྲོག་ཤིང་ལྟ་བུར་གྱུར་ཡོད་ལ། ས་ཆ་དེ་གའི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་ཕན་པ་མི་དམན་པ་ཞིག་ཐོན་ཐུབ་པ་བྱུང་ཡོད། དེ་ཡང་བོད་སྤོས་ཐོན་ལས་འཕེལ་རྒྱས་ཕྱིན་པ་དེས་གཅིག་ནས་ས་ཆ་དེ་གའི་ལས་ཀ་མེད་པའི་མི་ཚོའི་ལས་གནས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད་པ་དང་། གཉིས་ནས་བོད་སྤོས་བཟོ་བའི་རྒྱུ་ཆ་མང་དག་ཅིག་ས་ཆ་དེ་ག་ནས་ཐོན་གྱི་ཡོད་པས། དེས་ཁུལ་དེའི་ས་ཆ་ཆུང་བ་དང་འབྲུ་རིགས་ཐོན་འབབ་ཞན་པའི་གནས་ཚུལ་ཐག་གཅོད་ཐུབ་པ་མ་ཟད། ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་རྒྱུར་ནུས་པ་ཆེན་པོ་ཐོན་ཡོད། གསུམ་ནས་བོད་རིགས་ས་ཁུལ་དུ་མཁོ་ཆེ་བའི་བོད་སྤོས་ཀྱི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། བོད་སྤོས་ད་དུང་བལ་ཡུལ་སོགས་ཨེ་ཤ་ཡ་ལྷོ་མའི་རྒྱལ་ཁབ་ཁག་གིས་དགའ་ཞེན་བྱེད་པས་བོད་སྤོས་འབོར་ཆེན་ཕྱིར་གཏོང་བྱས་ནས་ཕྱི་དངུལ་གཙང་ལོན་བྱེད་ཀྱི་ཡོད། ཐོན་པའི་བོད་སྤོས་བཟོ་བའི་ལས་རིམ་ཧ་ཅང་རྙོག་འཛིང་ཆེ་ཞིང་། ལས་རིམ་སོ་སོ་ལ་ཡང་རེ་བ་ནན་པོ་ཡོད་པས། བོད་སྤོས་གཞན་གྱིས་བསྡུར་ཐབས་བྲལ་བ་ཞིག་ཡིན། ཐོན་སྐྱེད་བྱེད་ཐབས་དེ་རིགས་ནི་བོད་རིགས་ངལ་རྩོལ་མི་དམངས་ཀྱིས་དུས་ཡུན་རིང་པོའི་ནང་གི་བློ་གྲོས་ཀྱི་ཉིང་བཅུད་བསྡུས་པ་ཞིག་ཡིན་སྟབས། དེང་རབས་ལག་རྩལ་གྱིས་ཚབ་བྱེད་ཐབས་བྲལ་ཞིང་། དེའི་ནང་དུ་དོན་དངོས་ཐོག་ཚན་རིག་ལག་རྩལ་གྱི་གྲུབ་ཆ་ཕུན་སུམ་ཚོགས་པོ་ཚུད་ཡོད་ལ། རིན་ཐང་བྲལ་བའི་ལོ་རྒྱུས་ཤུལ་བཞག་ཅིག་ཀྱང་ཡིན། སྙེ་མོ་ཐོན་པའི་བོད་སྤོས་བཟོ་བའི་ལས་རིམ་གལ་ཆེན་ཞིག་ནི་ཆུ་འཁོར་གྱིས་ཤུག་པ་བསྣུར་བའི་ལས་རིམ་དེ་ཡིན། ཐོན་པ་ཤང་དུ་ད་ལྟ་ཁྱོན་ཆུ་འཁོར་གྲངས་ཉིས་བརྒྱ་བདུན་ཅུ་དོན་བཞི་ཡོད་ཅིང་། དེ་རྣམས་མུ་འབྲེལ་ནས་གནས་ཡོད་སྟབས་རང་བྱུང་གི་ཡུལ་ལྗོངས་ཁྱད་པར་བ་ཞིག་ཏུ་མངོན་ཞིང་། དེས་མ་ཟད་ཐོན་པའི་རང་བྱུང་གནམ་གཤིས་སྤྱིར་དྲོ་དྲང་སྙོམས་པོ་ཡིན་ལ། ཡུལ་ལྗོངས་མཛེས་ཤིང་ཡུལ་སྐོར་དག་ཡུལ་སྐོར་ལ་བསྐྱོད་རིན་ཡོད་པ་ཞིག་ཡིན།
རང་རྒྱལ་གྱི་དཔལ་འབྱོར་སྒྲིག་སྲོལ་ལམ་ལུགས་བསྒྱུར་བཅོས་བྱེད་པ་དང་། དེང་རབས་ཅན་གྱི་ཐོན་སྐྱེད་བྱེད་ཐབས་དར་སྤེལ་བྱུང་བའི་སྐབས་དང་བསྟུན་ནས། ཚོང་ལས་དཔལ་འབྱོར་ནི་མི་སེམས་ནང་བརྟན་ཞིང་གཡོ་བ་མེད་པ་ཞིག་ཏུ་གྱུར་ཡོད། དེང་སྐབས་ཐོན་པ་ཤང་ལ་ཆ་མཚོན་ནའང། དེ་སྔོན་ཐོན་པའི་བོད་སྤོས་བཟོ་མཁན་མང་དག་ཅིག་ད་ལྟ་བོད་སྤོས་ཐོན་ལས་བཞག་ནས་ཚོང་ལས་སོགས་གཞན་ལ་བློ་ཁ་ཕྱོགས་ཡོད་སྟབས། ཐོན་པའི་བོད་སྤོས་ཐོན་ལས་ད་ལྟ་ཛ་དྲག་ཅིང་ཉེན་ཁའི་གནས་སུ་གྱར་ཡོད། མ་གཞི་བོད་སྤོས་དགོས་མཁོ་ཆེན་པོ་ཡོད་རུང་། དེའི་ཡོང་འབབ་དམའ་པོ་ཡིན་པས། གཞོན་ནུ་མང་པོ་ཞིག་བོད་སྤོས་བཟོ་བའི་ལག་རྩལ་སྦྱངས་འདོད་མེད་པ་དང་། དེས་མ་ཟད་བོད་སྤོས་བཟོ་བའི་རྒྱུ་ཆ་དཀོན་པའི་དཀའ་ངལ་སོགས་ཀྱིས་ མུ་མཐུད་བོད་སྤོས་བཟོ་དཀའ་བའི་གནས་སུ་ལྷུང་ཡོད་པ་ཙམ་མ་ཟད། འདྲ་བཟོས་བོད་སྤོས་དང་བོད་སྤོས་རྫུན་མ་ཁྲོམ་རའི་ཐོག་ཐོན་པ་དང། གོང་ཚད་དམའ་མོས་ཕྱིར་འཚོང་བྱས་པས། སྲོལ་རྒྱུན་གྱི་བོད་སྤོས་ཐོན་སྐྱེད་བྱེད་པར་ཤུགས་རྐྱེན་ངན་པ་བཟོས་ཡོད་ལ། ཉེ་དུས་བོད་སྤོས་ཐོན་སྐྱེད་བྱེད་སྒོ་ཚུགས་པའི་བཟོ་གྲྭ་ཡང་ཐོན་ལས་ཀྱི་རྐང་པ་བརྟན་པོ་ཚུགས་མི་ཐུབ་པ་དང། མུ་མཐུད་ཐོན་ལས་བྱེད་ཐབས་བྲལ་བའི་གནས་སུ་གྱར་ཡོད་པའི་དབང་གིས། སྤྱི་ལོ༢༠༠༢ནས་འགོ་བཙུགས་ཏེ། སྙེ་མོ་རྫོང་མི་དམངས་སྲིད་གཞུང་གིས་ཐོན་པའི་བོད་སྤོས་ཐོན་ལས་ལ་མཐོང་ཆེན་བྱས་ཤིང་། བྱ་ཐབས་རབ་དང་རིམ་པ་བརྒྱུད་ནས་བོད་སྤོས་བཟོ་བའི་རྒྱུ་ཆ་གཙོ་བོ་ཤུག་པའི་གནད་དོན་དག་ཐག་གཅོད་བྱས་ཡོད། སྙེ་མོ་རྫོང་གིས་ལྷ་ས་གྲོང་ཁྱེར་ནགས་ལས་ཅུད་ལ་སོགས་འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་གྱིས་ཐོན་སྐྱེད་ཀྱི་གཞི་ཁྱོན་ལ་གཞིགས་ནས་མ་དངུལ་གཏོང་བ་དང་། ཁ་གསབ་གྲོན་དངུལ་སྤྲོད་པ་བཅས་བྱས་ཏེ་ཐོན་པའི་གཏེར་ཆུའི་རྒྱུད་དུ་ཤུག་པའི་འདེབས་འཛུགས་ར་བ་བཙུགས་ཡོད་ལ། དེང་སྐབས་ཤུགཔའི་སྐྱེས་ཚད་ལེགས་པོ་ཡོད་པ་མ་ཟད། ཤུག་པའི་སོན་ཚད་བརྒྱ་ཆ་དགུ་བཅུ་ཡན་ཟིན་གྱི་ཡོད་ལ་ཁུལ་དེ་གའི་ཤུག་པ་སྲུང་སྐྱོབ་དང་འདེབས་འཛུགས་བྱེད་མཁན་ལ་སྐུལ་མ་བྱེད་ཆེད་བྱ་དགའི་དངུལ་སྤྲོད་པ་སོགས་ཀྱི་བྱ་ཐབས་སྤེལ་ཡོད། བྱ་ཐབས་དེ་རིགས་ཀྱིས་གཅིག་ནས་ཐོན་པ་ཤང་གི་ཞིང་འབྲོག་མི་དམངས་ཚོའི་ཡོང་འབབ་འཕར་སྣོན་འགྲོ་རྒྱུར་ཕན་པ་ཐོན་པ་མ་ཟད། ཐོན་པའི་བོད་སྤོས་ཡུན་རིང་ངང་གནས་ཐུབ་རྒྱུར་ནུས་པ་ཆེན་པོ་ཐོན་ཐུབ་པ་བྱུང་ཡོད། བོད་སྤོས་ཐོན་སྐྱེད་བྱེད་པའི་བཟོ་གྲྭ་བཙུགས་པ་དང་། རང་ཉིད་ཀྱི་ཚོང་རྟགས་གསར་གཏོད་བྱེད་ཆེད། སྙེ་མོ་རྫོང་ནང་ཁུལ་དུ་བོད་སྤོས་ཐོན་སྐྱེད་བྱེད་པའི་བཟོ་གྲྭ་གཅིག་བཙུགས་ཡོད་ལ། ད་དུང་མ་དངུལ་བཏང་ནས་ཐོན་པ་ཤང་དུ་བོད་སྤོས་ཐོན་སྐྱེད་བྱེད་པའི་བཟོ་གྲྭ་ཞིག་གསར་བཙུགས་བྱ་བཞིན་ཡོད་པ་མ་ཟད། ཧུར་བརྩོན་གྱིས་ཐོན་པ་རྟགས་ཅན་གྱི་བོད་སྤོས་ཀྱི་ཚོང་རྟགས་ཆེད་སྤྱོད་སྙན་ཞུ་ཕུལ་བ་བཅས་བྱས་ཡོད། ཐོན་པའི་བོད་སྤོས་ལག་རྩལ་ཕྱིས་བྱུང་དར་སྤེལ་གཏོང་བའི་ཁ་ཕྱོགས་ནི་གཅིག་ནས་བོད་སྤོས་བཟོ་རྩལ་མཁས་དབང་དག་གི་ངོ་སྤྲོད་དང་ཉམས་མྱོང་དག་ཕྱོགས་བསྡུས་བྱེད་པ་དང། སྲོལ་རྒྱུན་གྱི་བོད་སྤོས་བཟོ་བའི་ལག་རྩལ་གསོ་སྐྱོང་འཛིན་གྲྭ་འཛུགས་པ་དང་། བཟོ་པ་རྒན་གྲས་དག་གདན་ཞུས་ཀྱིས་བཤད་ཁྲིད་བྱེད་པ་སོགས་བྱེད་རྒྱུ། གཉིས་ནས་ཐོན་པ་ལ་སྲིད་ཇུས་དང་མ་དངུལ་ཐོག་ནས་རོགས་སྐྱོར་བྱས་ཏེ། བོད་སྤོས་བཟོ་བའི་རྒྱུ་ཆ་གཙོ་བོ་ཤུག་པར་སྲུང་སྐྱོབ་དང་། མུ་མཐུད་འཕེལ་རྒྱས་འགྲོ་ཐུབ་པ་བྱ་རྒྱུ། གསུམ་ནས་རྒྱལ་ཁབ་ཀྱི་ཚད་གཞི་ལྟར་རེ་བ་ནན་པོས་ལག་བསྟར་བྱས་ཏེ། བོད་སྤོས་ཀྱི་དོ་དམ་ཤུགས་ཆེ་རུ་བཏང་ནས། བོད་སྤོས་ཀྱི་སྤུས་ཚད་ལ་འགན་ལེན་ཐུབ་པ་བྱ་རྒྱུ། བཞི་ནས་བཟོ་ཚོང་ཚན་པ་དང་གཞོག་འདེགས་བྱས་ཏེ། ཐོན་པའི་བོད་སྤོས་རྫུན་བཟོ་བྱེད་མཁན་ལ་རྡུང་འདེགས་ཚ་ནན་གཏོང་བ་དང་། བརྙན་འཕྲིན་དང་རླུང་འཕྲིན་སོགས་བརྒྱུད་ནས་ཐོན་པའི་བོད་སྤོས་ཀྱི་བེད་སྤྱོད་རིན་ཐང་དང་ངོས་འཛིན་བྱ་ཐབས་སོགས་དྲིལ་བསྒྲགས་ཁྱབ་ཆེ་བྱེད་རྒྱུ་བཅས་སོ།།