སྒྲིག་སྲོལ་གསར་པ་འདི་དག་ཟླ6པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-02   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།


          2020ལོའི་ཟླ6པ་ནས་བཟུང་། རང་རྒྱལ་གྱི་གཏན་འབེབས་གསར་པ་ཁག་གཅིག་དངོས་སུ་ལག་བསྟར་བྱ་རྒྱུ་རེད། ང་ཚོས་མཉམ་དུ་འུ་ཅག་གི་འཚོ་བར་ཤུགས་རྐྱེན་ག་འདྲ་ཐེབས་མིན་ལ་བལྟ།

       འཕྲོད་བསྟེན་དང་བདེ་ཐང་གི་ཁྱབ་ཁོངས།

       རྨང་གཞིའི་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་གྱི་བཅའ་ཁྲིམས་ཐོག་མ་ལག་བསྟར་བྱ་རྒྱུ་རེད།


          གཞི་རྩའི་སྨན་བཅོས་འཕྲོད་བསྟེན་དང་བདེ་ཐང་སྐུལ་སྤེལ་བཅའ་ཁྲིམས་དེ2020ལོའི་ཟླ6པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད། དེ་ནི་རང་རྒྱལ་གྱི་འཕྲོད་བསྟེན་དང་བདེ་ཐང་ཁྱབ་ཁོངས་ཀྱི་རྨང་གཞིའི་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་གྱི་བཅའ་ཁྲིམས་ཐོག་མ་དེ་ཡིན་པ་དང་། དུས་ད་ནས་བཟུང་མི་དམངས་ཀྱི་བདེ་ཐང་ཁེ་དབང་ལ་ཁྲིམས་འཛུགས་ཀྱི་འགན་ལེན་བྱུང་ཡོད།

          བཅའ་ཁྲིམས་དེས་བདེ་ཐང་ལ་སྐུལ་འདེད་གཏོང་བ་ཆེད་དུ་ལེའུ་གཅིག་ཏུ་བསྒྲིགས་ཏེ། སྤྱི་དམངས་ནི་རང་ཉིད་ཀྱི་བདེ་ཐང་གི་འགན་འཁུར་མཁན་ཨང་དང་པོ་དེ་ཡིན་པ་དང་། རྒྱལ་ཁབ་ཀྱིས་བདེ་ཐང་སློབ་གསོ་དེ་རྒྱལ་དམངས་སློབ་གསོའི་མ་ལག་ནང་འཇུག་རྒྱུ་དང་། རྒྱལ་ཁབ་ཀྱིས་ཡུལ་མིའི་ལུས་ཁམས་བདེ་ཐང་ཡིན་མིན་ལ་བརྟག་དཔྱད་དང་བསྡོམས་རྩིས་བྱ་རྒྱུ། རྒྱལ་ཁབ་ཀྱིས་ནར་མ་སོན་པའི་བྱིས་པ་དང་། བུད་མེད། རྒན་འཁོགས། དབང་པོ་སྐྱོན་ཅན་སོགས་ཀྱི་ལུས་ཁམས་བདེ་ཐང་གི་ལས་ཀའི་འཆར་གཞི་གཏན་འབེབས་བྱས་ཏེ་ལག་བསྟར་བྱ་དགོས་པར་མ་ཟད། གཙོ་གནད་མི་ཚོགས་ཀྱི་བདེ་ཐང་ཞབས་ཞུར་ཤུགས་སྣོན་རྒྱག་དགོས་པ་བརྗོད་ཡོད། 

          སྨན་པར་གཅར་རྡུང་དང་། སྨན་རྫས་ཀྱི་སྤུས་ཚད། སྨན་ཁང་མདུན་གྱི་མྱུར་སྐྱོབ……མང་ཚོགས་ཀྱིས་དོ་ཁུར་བྱེད་པ་དག་ལའང་བཅའ་ཁྲིམས་དེས་ལན་བཏབ་འདུག དཔེར་ན། རྩ་འཛུགས་གང་དང་མི་སྒེར་སུ་ཞིག་གིས་ཀྱང་སྨན་བཅོས་འཕྲོད་བསྟེན་མི་སྣའི་ལུས་ཁམས་བདེ་འཇགས་ལ་འཇིགས་སྐུལ་དང་། གནོད་འཚེ་གཏོང་བ། སྨན་བཅོས་འཕྲོད་བསྟེན་མི་སྣའི་མི་གཤིས་ལ་དམའ་འབེབས་བྱེད་རིགས་གཏན་འགོག་བྱ་དགོས། མི་ཚོགས་འདུ་སར་གཏན་འབེབས་ལྟར་དགོས་ངེས་ཀྱི་མྱུར་སྐྱོབ་སྒྲིག་ཆས་དང་དགོས་ཆས་སྒྲིག་སྦྱོར་བྱ་དགོས། 

          རྒྱལ་ཡོངས་སུ“一盔一带”རྨོག་གཅིག་རྒྱུད་གཅིག་བདེ་འཇགས་སྲུང་སྐྱོང་གི་ལས་འགུལ་སྤེལ་རྒྱུ་རེད།


          སྦག་སྦག་འཁོར་ལོ་དང་། གློག་སྒུལ་རྐང་འཁོར་ཞོན་མཁན། རླངས་འཁོར་གཏོང་མཁན་བཅས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོང་དང་། འགྲིམ་འགྲུལ་ལས་འཛོལ་ཇེ་ཉུང་དུ་གཏོང་ཆེད། སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་རྒྱལ་ཡོངས་སུ“རྨོག་གཅིག་རྒྱུད་གཅིག”བདེ་འཇགས་སྲུང་སྐྱོང་གི་ལས་འགུལ་སྤེལ་བ་བཀོད་སྒྲིག་བྱས།

          ཟླ6པའི་ཚེས1ཉིན་ནས་བཟུང་། ཁྲིམས་འཛིན་ཆད་གཅོད་ཀྱི་ཁྱབ་ཁོངས་སྦག་སྦག་བཞོན་ནས་བདེ་འཇགས་ཞྭ་མོ་མི་གྱོན་པ་དང་། རླངས་འཁོར་གཏོང་དུས་ཉེན་སྲུང་སྒྲོག་ཐག་མི་སྤྱོད་པའི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་བར་ཚད་བཅད་པ་རེད།

          བཟོ་བཅོས་བྱས་རྗེས་ཀྱི《ཀྲུང་གོའི་མི་དམངས་དངུལ་ཁང་གི་སྲིད་འཛིན་ཆོག་འཐུས་ལག་བསྟར་བྱེད་ཐབས》 ཟླ6པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།


          གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོའི་མི་དམངས་དངུལ་ཁང་གི་སྲིད་འཛིན་ཆོག་འཐུས་ལག་བསྟར་བྱེད་ཐབས》ཀྱིས་སྲིད་འཛིན་ཆོག་འཐུས་བདག་སྤྲོད་དང་ཞིབ་མཆན་འགོད་རིམ་འཐུས་ཚང་དང་ཞིབ་ཕྲར་བཟོས་ཡོད། 2020ལོའི་ཟླ6པའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

          བཟོ་བཅོས་བརྒྱབ་རྗེས་ཀྱི་བྱེད་ཐབས་ཀྱིས་སྲིད་འཛིན་ཆོག་འཐུས་དྲ་ཐོག་ནས་སྒྲུབ་གཉེར་གྱི་གཞི་འཛིན་ས་མི་འདང་བའི་གནད་དོན་ཁ་གསབ་བྱས་པས། ཆ་འཕྲིན་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་སྲིད་འཛིན་ཆོག་འཐུས་སྒྲུབ་གཉེར་གྱི་ལས་ཕྱོད་ཆེ་རུ་གཏོང་རྒྱུར་ཕན་ཐོགས་འབྱུང་ངེས། བྱེད་ཐབས་དེས་ད་དུང་དངུལ་ཁང་གི་རྩིས་ཁྲའི་ཐོ་ཁུངས་བཙུགས་ཆོག་པའི་འཁྲོལ་འཛིན་དཔྱད་སྤྲོད་དང་། འབྲེལ་ཡོད་ཆོག་འཐུས་ལག་འཁྱེར་རམ་ཡང་ན་ཐོབ་ཐང་ལག་འཁྱེར་བསྒྱུར་བའི་དོན་ཚན་སོགས་ཀྱི་སྟབས་བདེའི་གོ་རིམ་ཆེད་མངགས་བཀོད་སྒྲིག་བྱས་ཡོད། ཆོག་འཐུས་དོན་གནད་དེ་དག་གི་ཞིབ་མཆན་འགོད་པའི་དུས་ཚད་དེ་བདག་སྤྲོད་བྱས་རྗེས་ཀྱི་ཉིན་ལྔའི་ནང་ཚུན་བར་ཉུང་དུ་གཏོང་དགོས། ཞིབ་མཆན་འགོད་པའི་ལས་ཕྱོད་ཆེ་རུ་གཏོང་བ་དང་། ལས་སྒྲུབ་མ་གནས་དམའ་རུ་གཏོང་བ། རེ་འདུན་ཞུ་མཁན་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་བཅས་ལ་ཕན་ཐོགས་ཡོད་པ་རེད།

          ཟླ6པའི་ཚེས20ཉིན་ནས་བཟུང་། འཕྲུལ་སྒུལ་འཁོར་རིགས་ཞིབ་བཤེར་མཚོན་རྟགས་གློག་རྡུལ་ཅན་རྒྱལ་ཡོངས་ནས་ཁྱབ་སྤེལ་བྱ་རྒྱུ་རེད། 


ཞིབ་བཤེར་མཚོན་རྟགས་གློག་རྡུལ་དཔང་འཛིན་གྱི་རྣམ་པ།

          སྤྱི་བདེ་པུའུ་ཡིས་གྲོང་ཁྱེར16གི་ཚོད་ལྟའི་རྨང་གཞིའི་ཐོག རྒྱལ་ཡོངས་སུ་འཕྲུལ་སྒུལ་འཁོར་ལོའི་ཞིབ་བཤེར་མཚོན་རྟགས་གློག་རྡུལ་ཅན་ཁག་གཉིས་སུ་བགོས་ནས་ཁྱབ་སྤེལ་བཏང་སྟེ། འཕྲུལ་སྒུལ་འཁོར་ལོའི་བདག་པོ་དང་། ཁ་ལོ་བ། དེ་བཞིན་འབྲེལ་ཡོད་ལས་རིགས་དང་དོ་དམ་སྡེ་ཁག་བཅས་ལ་གློག་རྡུལ་ལག་འཁྱེར་གྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུའི་ཐག་བཅད། ཟླ6པའི་ཚེས20ཉིན་ནས་བཟུང་རྒྱལ་ཡོངས་སུ་ཁྱབ་སྤེལ་མངོན་འགྱུར་བྱ་རྒྱུ་རེད།

          ཞིབ་བཤེར་མཚོན་རྟགས་གློག་རྡུལ་ཅན་དུ་བསྒྱུར་པ་དེས་རྒྱལ་ཡོངས་གཅིག་གྱུར་གྱི་དྲ་སྦྲེལ་འགྲིམ་འགྲུལ་བདེ་འཇགས་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་བརྒྱུད་འཕྲུལ་སྒུལ་འཁོར་རིགས་ཀྱི་ཞིབ་བཤེར་མཚོན་རྟགས་ཀྱི་གློག་རྡུལ་དཔང་འཛིན་སྤྲད་དེ། མི་དམངས་མང་ཚོགས་དང་ཁེ་ལས་ཀྱིས་རེ་ཞུ་དང་བེད་སྤྱོད་བྱ་རྒྱུར་སྔར་བས་སྟབས་བདེ་སྐྲུན་ཐུབ།