རང་ཁུལ་དང་ཀྲུང་གོའི་སྤོ་འགུལ་ཡུན་ནན་ཀུང་སི་བར་གྲངས་འཛིན་བདེ་ཆེན་འཛུགས་སྐྲུན་གྱི་མཉམ་ལས་གན་རྒྱ་འཇོག་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་6པའི་ཚེས་1ཉིན་གྱི་སྔ་དྲོར། བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་དང་ཀྲུང་གོའི་སྤོ་འགུལ་འཕྲིན་གཏོང་ཚོགས་པ་ཡུན་ནན་ཚད་ཡོད་ཀུང་སི་བར་གྲངས་འཛིན་བདེ་ཆེན་འཛུགས་སྐྲུན་མཉམ་ལས་གཏིང་ཟབ་གཏོང་བའི་གན་རྒྱ་འཇོག་པའི་མཛད་སྒོ་དེ་ཁུན་མིང་དུ་སྤེལ་བ་དང་།གན་རྒྱ་ལྟར་ན་ཕྱིན་ཆད་ཕྱོགས་གཉིས་ཀྱིས་ཁྱབ་ཁོངས་ཆེན་པོ་དགུ་ནས་མཉམ་ལས་བྱེད་རྒྱུ་དང་། 5Gསོགས་རབས་གསར་པའི་ཆ་འཕྲིན་ལག་རྩལ་ལྟེ་བར་བྱས་ནས་གྲངས་འཛིན་དཔལ་འབྱོར་བེད་སྤྱོད་བྱས་ཏེ་གྲངས་གཞིའི་བདེ་ཆེན་ནུས་ཤུགས་ཡོད་རྒུས་བཞེངས་སྐྲུན་བྱེད་རྒྱུ་རེད། ཁུལ་ཨུའི་ཧྲུའུ་ཅི་ཝང་དབྱི་ཀྲི་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཆི་ཅན་ཞིན་དང་། ཀྲུང་གོའི་སྤོ་འགུལ་ཡུན་ནན་ཀུང་སིའི་ཏུང་ཧྲི་ཀྲང་དང་སྤྱི་ཁྱབ་ཅིང་ལི་ཀོ་སུང་ཧའེ་གཉིས་ཀྱིས་ཕྱོགས་གཉིས་ཀའི་ཚབ་བྱས་ནས་གན་རྒྱ་འཇོག་པ་རེད།

        ཝང་དབྱི་ཀྲི་ཡིས་ཉེ་བའི་ལོ་འགའི་རིང་ཡུན་ནན་སྤོ་འགུལ་ཀུང་སི་སོགས་ཀྱི་རྒྱབ་སྐྱོར་འོག  བདེ་ཆེན་གྱི་ཆ་འཕྲིན་ཅན་གྱི་རྨང་གཞིའི་སྒྲིག་བཀོད་ཇེ་ལེགས་སུ་གྱུར་ཡོད་པ་དང་འཕྲིན་གཏོང་བྱ་གཞག་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་ཡོད་པས་ནང་སའི་བར་གྱི་གྲངས་ཀའི་ཧེ་བག་ཆུང་དུ་འགྲོ་བཞིན་ཡོད།  5Gདུས་རབས་ཤར་བ་དེ་བདེ་ཆེན་གྱི་ངོས་ནས་བརྗོད་ན་ཐོབ་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་ཤིག་ཡིན་ལ། ཡུན་ནན་སྤོ་འགུལ་ཀུང་སིས་ལག་རྩལ་དང་ཤེས་ལྡན་མི་སྣ་སོགས་ཐད་ཀྱི་བཟང་ཆ་འདོན་སྤེལ་བྱེད་པ་དང་མུ་མཐུད་དུ་བདེ་ཆེན་གྱི་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་རེ་བ་བཏོན་པ་དང་།  དེའི་དུས་མཚུངས་སུ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཀྱང་ནུས་ཤུགས་ཡོད་རྒུས་ཁེ་ལས་དང་མཉམ་སྡེབ་བྱས་ནས་གྲངས་འཛིན་བདེ་ཆེན་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་དང་འགན་ལེན་ཞབས་ཞུ་ཡག་པོ་འདོན་སྤེལ་བྱ་རྒྱུ་ཡིན་ཞེས་གསུང་།

        ཀོ་སུང་ཧའེ་་ཡིས་ཁེ་ལས་ཀྱིས་ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་བར་ལག་གདང་དེ་བས་དམ་པོར་སྦྲེལ་ཏེ། ད་ཐེངས་ཀྱི་མཉམ་ལས་དེ་འགོ་འཛུགས་ས་གསར་པར་བྱས་ནས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱ་རྒྱུ་ཡིན་པ་དང་། ལག་རྩལ་གསར་པ་དང་བཀོལ་སྤྱོད་གསར་པ་གྲངས་འཛིན་བདེ་ཆེན་འཛུགས་སྐྲུན་ཁྲོད་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་རྒྱུ། ཁྱབ་ཁོངས་ཆེན་པོ་དགུ་ལ་དམིགས་ནས་མཉམ་ལས་གཏིང་ཟབ་གཏོང་བ་དང་བདེ་ཆེན་གྱི་འཕེལ་རྒྱས་ལ་བྱས་རྗེས་འཇོག་རྒྱུ་ཡིན་ཞེས་བསྟན་པ་རེད།