ལི་ཐང་རྫོང་དུ་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་318གསར་དུ་བྱུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-05   རྩོམ་ཁུངས།    མི་དམངས་དྲ་བ།

༄༅༎མཛེས་ཤིང་ལྟ་ན་སྡུག་པ། ལི་ཐང་རྫོང་དུ་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་318གསར་དུ་བྱུང་།

     མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་4ཉིན། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་གི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཡུལ་དངོས་བརྟག་དཔྱད་ཀྱི་ལས་དོན་སྤྱིའི་ཆ་ནས་ལེགས་གྲུབ་བྱུང་ལ། རྫོང་ཡོངས་སུ་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་གྲངས་འབོར་2011བར་འཕར་བ་དང་། རི་མཐོའི་ཀེར་ལངས་རྡོ་ཚོགས་དང་། རྡོ་བ་ནུའི་ངོ་མཚར་མཛེས་ལྗོངས། གྲོང་སྣའི་ཆུ་ཚན། ལོ་ངོ་སྟོང་གི་ལྡེབས་རིས་སོགས་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་318གསར་དུ་ཤེས་རྟོགས་བྱུང་ཡོད།
     ཟླ་4པའི་ཚེས་24ཉིན། ལི་ཐང་རྫོང་གིས་རྫོང་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་གྱི་སྐུལ་སློང་བཀོད་སྒྲིག་དང་གསོ་སྦྱོང་ཚོགས་འདུ་འཚོགས་ལ། རྫོང་ཡོངས་ཀྱི་ཞང་གྲོང་24ཡི་སྲིད་འཛིན་གྲོང་ཚོ་214ཡིས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ལི་ཐང་རྫོང་གིས་རིག་གནས་ཡུལ་སྐོར་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཡོད་ལ། “འགོ་ཁྲིད་གཙོ་བོ་སྐུ་ངོ་མས་ཞུགས་པ་དང་། ལས་བགོས་འགན་གཉེར་འགོ་ཁྲིད་ཀྱིས་སྣེ་ཁྲིད་ནས་འགན་འཁུར་བ། འབྲེལ་ཡོད་སྡེ་ཁག་གིས་མཐུན་སྦྱོར་སྐུལ་འདེད་གཏོང་བ། ཞང་དང་གྲོང་རྡལ་ཚང་མས་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱེད་པ། རིག་གནས་ཡུལ་སྐོར་སྡེ་ཚན་གྱིས་བརྒྱུད་རིམ་ཧྲིལ་པོར་དམ་འཛིན་བྱེད་པ”བཅས་ཀྱི་མཐུན་སྦྱོར་ལམ་སྲོལ་བཙུགས་པ་རེད། དུས་མཚུངས། ལི་ཐང་རྫོང་གི་རིམ་ཁག་སྡེ་ཁག་གིས་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་ཆེད། རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཡོངས་བཤེར་ལས་དོན་དེ་2020ལོའི་ལོ་འཁོར་གྱི་དམིགས་འབེན་དཔྱད་ཞིབ་དང་ལོ་འཁོར་གྱི་ཕྱོགས་བསྡུས་ལས་ཕྱོད་དཔྱད་ཞིབ་ཁྱབ་ཁོངས་ནང་བཅུག་པ་རེད།
     ལི་ཐང་རྫོང་གི་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་གིས་“ཐེངས་འདིའི་ཡོངས་ཁྱབ་ཞིབ་བཤེར་གྱིས་ལས་ཀ་ཏན་ཏིག་བྱས་པ་བརྒྱུད་སྤུས་ཚད་མཐོ་བའི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་གསར་པ་མང་པོ་རྙེད་ཡོད”ཅེས་བཤད་པ་དང་། གོམ་སྟབས་རྗེས་མར་སྤུས་ཚད་མཐོ་བའི་ཐོན་ཁུངས་གསར་རྙིང་དེ་དག་སྲུང་སྐྱོང་དང་། གསར་སྤེལ། བེད་སྤྱོད་བཅས་བྱས་པ་བརྒྱུད། རྫོང་ཡོངས་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་ཏན་ཏིག་བྱ་རྒྱུ་རེད། དེས་དབུལ་སྒྲོལ་སྲ་བརྟན་དང་གྲོང་གསེབ་དར་རྒྱས་ལ་དགོས་ངེས་ཀྱི་སྐུལ་འདེད་ནུས་པ་ཐོན་ངེས་རེད་ཅེས་བཤད་པ་རེད། 
     ཀེར་ལངས་རྡོ་ཚོགས་ནི་ད་རེས་ཡོངས་ཁྱབ་ཞིབ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་སྤུས་ལེགས་ཐོན་ཁུངས་ཀྱི་གྲས་ཤིག་ཡིན་ཞིང་། རིམ་པ་ལྔ་པའི་ཐོན་ཁུངས་ལ་དཔྱད་བསྡུར་གཏན་འབེབས་བྱས་ཡོད། དེ་ནི་ལོ་ངོ་དུང་ཕྱུར་མང་པོའི་ས་གཤིས་འགུལ་སྐྱོད་དང་རླུང་ཟད་ནུས་པ་བརྒྱུད་དེ་གྲུབ་པའི་ས་གཤིས་ངོ་མཚར་ཅན་གྱི་ཡུལ་ལྗོངས་ཤིག་ཡིན། ཀེར་ལངས་རྡོ་ཚོགས་འདི་དགེ་གཉན་མཛེས་ལྗོངས་ཁུལ་གྱི་རི་རྩེ་ཞིག་ཏུ་ཡོད་ཅིང་། སྨི་ལྔ་བརྒྱ་ཙམ་མུ་འབྲེལ་ནས་ཆགས་ཡོད་པ་དང་། སྤྱིའི་ཆ་ནས་མཐོ་ཚད་ལ་སྨི་བརྒྱ་ལྷག་ཙམ་ཡོད་པ་ནི་བགྲང་ལས་འདས་པའི་སྤུ་གྲི་ནམ་མཁའི་དབྱིངས་སུ་ཟུག་པ་དང་མཚུངས། ཀེར་ལངས་རྡོ་ཚོགས་ཀྱི་འོག་ནི་རླུང་ཟད་རྗེས་ཀྱི་རྡོ་ཡིས་སྤུངས་པའི་རྡོ་ཧྲུག་རེད། དབྱར་ཁར་སླེབས་དུས་རི་ལྡེབས་སུ་མེ་ཏོག་སྣ་ཚོགས་རྣམ་པར་བཞད། ཀེར་ལངས་རྡོ་ཚོགས་ཀྱི་ངར་ཤུགས་དང་ཐང་གི་མེ་ཏོག་བཞད་པ་ཕན་ཚུན་གཅིག་གིས་གཅིག་བརྒྱན་ནས་བརྗིད་ཆགས་ཉམས་ལྡན་གྱི་རྣམ་པ་ཞིག་ཆགས་ཡོད།
     གསར་དུ་ཤེས་རྟོགས་བྱུང་བའི་རིམ་པ་བཞི་པ་ཡན་གྱི་ཐོན་ཁུངས་ཁྲོད། བྱ་པའི་རྡོ་ཞུན་བྲག་ཁུང་གི་རྡོ་བའི་མཛེས་ལྗོངས་ནི་མི་སེམས་སྒུལ་བ་ཞིག་འདུག རྡོ་ཞུན་བྲག་ཁུང་དེ་ལི་ཐང་རྫོང་ཡར་ཤོག་ཞང་གི་ཨུ་ཤག་སྨད་པ་གྲོང་ཚོར་གནས་ཡོད། ས་གནས་དེ་གའི་མང་ཚོགས་ཀྱི་རོགས་རམ་འོག་ཡོངས་བཤེར་མི་སྣ་རྐང་ཐང་དུ་ཆུ་ཚོད་གཉིས་ལ་བསྐྱོད་པ་ན་གཞི་ནས་བྲག་ཁུང་ཡོད་སར་འབྱོར་བ་རེད། བྲག་ཁུང་འདི་ཡོད་ས་ས་ཐག་རིང་བ་དང་། ས་དབྱིབས་རྙོག་འཛིང་ཆེ་བ། འཛུལ་སྒོ་མང་བ། ཕྱོགས་བཞི་མཚམས་བརྒྱད་དུ་ཤར་གཏོང་ཐུབ་པ་ཞིག་རེད། བྲག་ཁུང་ནང་རྒྱ་ཆེ་ཤོས་ལ་སྨི་གྲུ་བཞི་མ་60ཡོད་ལ། ཆུང་ཤོས་སུ་མི་གཅིག་མ་གཏོགས་ཤོང་གི་མེད་པ་མ་ཟད་ད་དུང་གོག་ནས་མདུན་དུ་བསྐྱོད་དགོས། ཆེས་མཐོ་སར་སྨི་50ཡོད། བྲག་ཁུང་ཧྲིལ་པོར་ཀྱག་ཀྱོག་མང་ཞིང་། བང་རིམ་བཞི་ནས་ལྔ་བར་དབྱེ་ཆོག བྲག་ཁུང་ནང་གི་མཁའ་དབུགས་འཁོར་རྒྱུག་ཐུབ་ཀྱི་ཡོད། བྲག་ཁུང་དེར་ཆ་ཚང་ལྟ་སྐོར་བྱེད་དགོས་ན་ཆུ་ཚོད་གཉིས་ལྷག་ཙམ་དགོས། བྲག་ཁུང་ནང་གི་ལྗོངས་རྣམ་གཙོ་བོ་ནི་བཟོ་དབྱིབས་ངོ་མཚར་ཅན་གྱི་རྡོ་བ་ནུ་ཡིན། དེ་དག་ལ་ལ་ནི་བདུད་རྩི་ལས་གྲུབ་པའི་ལངས་གཟུགས་རྦབ་ཆུ་དང་འདྲ་བར་མར་འབབ་ཀྱི་ཡོད་ལ། ལ་ལ་ནི་ཚོན་མདངས་སྣ་ལྔའི་སྤྲིན་དང་འདྲ་བར་བྲག་ཁུང་སྟེང་དུ་གནས་པ་དང་། ལ་ལ་ནི་སྔོ་ཞིང་དྭངས་པའི་ཆུ་ཤེལ་དང་འདྲ་བར་ཀྲོང་ངེར་ལངས་ཡོད། ས་འོག་ནས་བརྡོལ་བའི་ཆུ་མིག་རྡོ་འདི་དག་གི་སྟེང་དུ་བཞུར་ནས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་ལྗོངས་རྣམ་ཞིག་གྲུབ་ཡོད།
     གཞན་ཡང་ད་ཐེངས་ཀྱི་ཡོངས་ཁྱབ་ཞིབ་བཤེར་ནང་ད་དུང་གྲོང་སྣ་ལུང་ཤུར་དང་། གནའ་བོའི་ལྡེབས་རིས། ནཱ་ཧའེ། མགར་རི། རོ་རྒན་མཚོ། དེ་བཞིན་རིག་གནས་ཡུལ་སྐོར་ཐོན་ཁུངས་སྤུས་ལེགས་གཞན་དག་ཀྱང་ཤེས་རྟོགས་བྱུང་ཡོད། དེའི་ནང་། གྲོང་སྣ་ལུང་བའི་གྲོག་རོང་དང་། ནགས་ཚལ། གངས་རི། རྦབ་ཆུ། གྲམ་དམར། མཚམས་ཁང་སོགས་མཉམ་དུ་བསྡུས་ན་ཡུལ་སྐོར་དང་ལྟ་སྐོར་གྱི་རིན་ཐང་ཆེན་པོ་ལྡན་ཡོད། དེ་བས་ཀྱང་དགའ་འོས་པ་ཞིག་ནི་གྲོང་སྣ་ལུང་བར་ད་དུང་ཆུ་ཚན་108ཡོད་པ་དང་། ཆུ་ཚན་མང་པོ་ནི་རྡོ་བར་ནས་བྱུང་བའི་ཆུ་མིག་གམ་ཀལ་འགྱུར་ཆུ་མིག་ཡིན་པས། གསར་སྤེལ་གྱི་རིན་ཐང་ཧ་ཅང་ཆེན་པོ་ཡོད། སྣོད་བཅུད་མཉམ་གནས་ཀྱི་ནང་དོན་གྱིས་ཕྱུག་པའི་གནའ་བོའི་ལྡེབས་རིས་ནི་ལོ་ཟླ་མང་པོ་སོང་ཡང་སྔར་བཞིན་མཛེས་སྡུག་ལྡན་པར་གནས་ཡོད། ས་གནས་དེ་གའི་མི་རྣམས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན་འདི་ནི་སུང་རྒྱལ་རབས་ཀྱི་དུས་ཀྱི་གནའ་ཤུལ་ཡིན་ཟེར་ཡང་། ད་དུང་ཆེད་ལས་མཁས་པས་རིམ་གྱིས་གསལ་འབྱེད་བྱེད་དགོས།