ཕྲུ་གུའི་བདེ་ཐང་ཆེད། ཁྱིམ་བདག་ཚོས་དོ་སྣང་འདི་འདྲ་བྱེད་དགོས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-02   རྩོམ་ཁུངས།    བོད་ལྗོངས་ཉིན་ཚགས།

        དབྱར་ཁ་ཚ་བ་ཆེ་བས་རྔུལ་ཆུ་ཐོན་སླ་པོ་ཡོད། གལ་ཏེ་དོ་སྣང་དེ་ཙམ་མ་བྱས་ཚེ། ཕྲུ་གུར་ཆམ་པ་རྒྱག་པ་དང་གྲོད་པ་བཤལ་བ་སོགས་ཡོང་གི་ཡོད། དེར་བརྟེན། ཁྱིམ་བདག་ཚོས་ངེས་པར་དུ་ཕྲུ་གུའི་འཕྲོད་བསྟེན་དང་བདེ་ཐང་ལ་ལྷོད་གཡེང་རྩ་བ་ནས་བྱ་མི་རུང་།

        གཅིག  དྲོད་སྙོམས་འཕྲུལ་ཆས་ཡུན་རིང་སྤྱོད་མི་རུང་།

        དབྱར་དུས་གནམ་གཤིས་ཚ་གདུག་ཆེ་བས། མི་མང་པོ་ཞིག་གིས་ཁྱིམ་དུ་དྲོད་སྙོམས་འཕྲུལ་ཆས་བེད་སྤྱོད་གཏོང་བར་དགའ་པོ་བྱེད་ཀྱི་ཡོད་མོད། འོན་ཀྱང་ཁང་པའི་ནང་སྐམ་ཤས་ཆེ་བས། ཡུན་རིང་སྤྱད་ཚེ་ཕྲུ་གུར་ངལ་དུབ་འབྱུང་སླ་བ་དང་། ཐ་ན་དབུགས་ལམ་དང་འཇུ་ལམ་གྱི་ནུས་པ་ཡང་སྐྱོ་རུ་འགྲོ་སྲིད། དེའི་ཕྱིར། ཁྱིམ་བདག་ཚོས་གང་ཐུབ་ཀྱིས་དྲོད་སྙོམས་འཕྲུལ་ཆས་ཉུང་ཙམ་སྤྱོད་དགོས། 

        གཉིས།  ཆུ་གྲང་མོས་གཟུགས་པོ་འཁྲུད་མི་རུང་།

        ཕྲུ་གུ་ནི་དུས་རྒྱུན་རྩེད་མོ་བརྩེ་རྒྱུར་དགའ་བས་རྔུལ་ཆུ་ཡང་སེ་ཐོན་གྱི་ཡོད། ཁྱིམ་བདག་ཚོས་དོ་སྣང་བྱེད་དགོས་པ་ཞིག་ལ། དེའི་སྐབས་ཆུ་གྲང་མོས་ཕྲུ་གུའི་གཟུགས་པོ་གཏན་ནས་བཀྲུ་རྒྱུ་མེད། གང་ཡིན་ཞེ་ན། ཆུ་གྲང་མོས་གཟུགས་པོ་བཀྲུས་ཚེ། གཟུགས་པོའི་ཚ་གདུག་སེལ་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་ནད་འབུ་མང་པོ་གཟུགས་པོར་སིམ་ནས་ཕྲུ་གུ་ན་བའི་ཉེན་ཁ་ཆེན་པོ་ཡོད།

        གསུམ། ཆུ་ཁོལ་མང་ཙམ་འཐུང་བ།

        ཁྱིམ་བདག་མང་པོ་ཞིག་དབྱར་དུས་བཏུང་བྱ་མངར་མོ་དང་ཤིང་འབྲས་ཀྱི་ཁུ་བ་གྲང་མོ་སོགས་འཐུང་རྒྱུར་ཧ་ཅང་དགའ་པོ་ཡོད། འོན་ཀྱང་ཕྲུ་གུར་དེའི་རིགས་ཉུང་ཙམ་སྟེར་དགོས་ཏེ། བཏུང་བྱ་འདི་རིགས་མང་དྲགས་ན། གཅིག་ནས་སོར་གནོད་པ་དང་། གཉིས་ནས་ཟས་ཀྱི་དང་ག་དང་འཇུ་ནུས་ཉམས་སྲིད། དེར་བརྟེན། ཕྲུ་གུར་ཆུ་ཁོལ་མང་ཙམ་སྟེར་དགོས། རྒྱུ་མཚན་ནི་ཆུ་ཁོལ་གྱིས་ལུས་དྲོད་སྙོམས་སྒྲིག་བྱེད་ཐུབ་ལ། ཟས་རིགས་ཀྱི་འཚོ་བཅུད་དང་ལེན་དང་དུག་རྒྱུ་གཙང་སེལ་ལ་ཕན་ཐོགས་ཆེན་པོ་ཡོད།

        བཞི། གྲང་ཚལ་ཚད་རན་པོ་ཟ་དགོས།

        དབྱར་དུས་ཁྱིམ་བདག་མང་ཆེ་བས་གྲང་ཚལ་བཟོ་རྒྱུར་དགའ་པོ་བྱེད་ཀྱི་ཡོད། ཕྲུ་གུས་ཀྱང་དེ་རིགས་ཟ་རྒྱུར་དགའ་པོ་བྱེད་ཀྱི་ཡོད། འོན་ཀྱང་། གྲང་ཚལ་གྱི་རིགས་བཟས་དྲགས་ན་འཇུ་བྱེད་ཉམས་པ་དང་། སྐྱུར་མེར་ལངས་པ། གྲོད་པ་བཤལ་བ་སོགས་ཐོན་སྲིད། དེར་བརྟེན་ཁྱིམ་བདག་གིས་ངེས་པར་དུ་དོ་སྣང་ཆེན་པོ་བྱེད་དགོས་མ་ཟད། ཡག་ཤོས་བྱུང་ན་ཕྲུ་གུར་གྲང་ཚལ་དང་ཟས་རིགས་རྗེན་པ་ཉུང་ཙམ་སྟེར་དགོས་ཤིང་། ཕྲུ་གུར་མི་བདེ་བ་བྱུང་ཚེ་འཕྲལ་དུ་སྨན་ཁང་ལ་བརྟག་དཔྱད་བྱེད་པར་འགྲོ་དགོས།