བྱིས་པར་གཉིད་ཀྱིས་མ་འདང་ན། གཟུགས་པོ་བདེ་ཐང་ཡིན་མི་སྲིད།

རྩོམ་པ་པོ།   རླངས་ཚང་བསོད་རྡོ།  ཡིག་བསྒྱུར།       དུས་ཚོད།   2020-07-06   རྩོམ་ཁུངས།   

     ལོ་དགུའི་འགན་བབ་སློབ་གསོ་ལག་བསྟར་བྱས་པ་དང་བོད་ཁུལ་གྱི་སློབ་ཞུགས་ཀྱི་གྲངས་ཀ་ཇེ་མང་ནས་ཇེ་མང་དུ་སོང་བས།སློབ་ཞུགས་ཀྱི་གྲངས་ཀའི་ངོས་ནས་ཡར་རྒྱས་དང་སྔོན་ཐོན་ཅན་དུ་གྱུར་ཡོད་པ་བདེན་མོད། འོན་ཀྱང་།སློབ་གསོ་སྒྲུབ་སྟངས་ཀྱི་ངོས་ནས་འགྱུར་བ་ཆེན་པོ་འབྱུང་མ་ཐུབ་པར་ལུས་པའི་ཁྲོད་ཀྱི་མངོན་གསལ་དོད་ཤོས་གཅིག་ནི།བྱིས་པ་ཚོར་ལས་བྱ་བཀོད་སྒྲིག་བྱེད་སྟངས་དེ་རེད།

        ད་སྐབས་ཀྱི་སློབ་ཆུང་སློབ་མ་དག་ལ་མཚོན་ནས་བཤད་ན། ཞོགས་པའི་དུས་ཚོད་དྲུག་དང་ཕྱེད་ཀའི་སྟེང་མལ་ལས་ལངས་ནས་སློབ་གྲྭའི་ནང་དུས་ཚོད་བདུན་གྱི་སྟེང་ཐོན་པར་བྱེད་དགོས།དེ་ནས་ཉིན་གུང་ཆུ་ཚོད་བཅུ་གཉིས་བར་དུ་སློབ་ཁྲིད་ཡོད་པ་དང་། གཉིས་དང་ཕྱེད་ཀ་ནས་ལྔའི་བར་དུ་ཡང་སློབ་ཁྲིད་ཡོད།ཉིན་གུང་གི་ངལ་གསོའི་སྐབས་སུ་སྔ་དྲོ་སློབ་ཁྲིད་བྱས་ཟིན་པའི་དགེ་རྒན་དག་གིས་ལས་བྱ་གོ་སྒྲིག་བྱས་པ་ཆུ་ཚོད་གཉིས་དང་ཕྱེད་ཀའི་བར་ངེས་པར་དུ་ཚར་དགོས།དེའི་ནང་ཁྱིམ་དང་སློབ་གྲྭའི་བར་ཕར་འགྲོ་ཚུར་འོང་དང་། སློབ་མར་ཟ་མ་བཟའ་བའི་དུས་ཚོད་གོ་སྒྲིག་བྱས་མེད།  ཕྱི་དྲོ་ཆུ་ཚོད་ལྔ་བའི་སྟེང་གྲོལ་བ་དང་ཕྱི་དྲོ་སློབ་ཁྲིད་བྱས་པའི་དགེ་རྒན་དག་གིས་གོ་སྒྲིག་བྱས་པའི་ལས་བྱ་འབྲི་དགོས།མཚམས་རེར་མཚན་གྱི་ཆུ་ཚོད་བཅུ་གཅིག་གམ་བཅུ་གཉིས་བར་དུ་མི་ཚར། དེའི་ཁྲོད་ཀྱང་དགོང་ཟས་ལ་རོལ་བའི་དུས་ཚོད་དམིགས་བསལ་མེད།ཉལ་སྔ་ན་ཡང་དགོང་མོའི་ཆུ་ཚོད་བཅུ་གཅིག་སྟེང་ཉལ་བ་ཡིན་ན། བཅུ་གཅིག་དང་ཕྱེད་ཀའི་སྟེང་གཉིད་པར་ཆ་ཞོགས།དེ་ནས་ཞོགས་པའི་ཆུ་ཚོད་དྲུག་དང་ཕྱེད་ཀའི་བར་གཉིད་པ་ཡིན་ན། རྒྱུན་ལྡན་གྱི་གཉིད་པའི་དུས་ཚོད་ནི་དུས་ཚོད་བདུན་ཏག་ཏག་རེད།ཚན་རིག་ལྟར་ན་ལོ་བདུན་ནས་བཅུ་གསུམ་བར་གྱི་བྱིས་པ་དག་དུས་ཚོད་དགུ་ནས་བཅུའི་བར་དུ་ངེས་པར་གཉིད་དགོས།དེ་བས་ང་ཚོའི་བྱིས་པ་དག་ལ་གཉིད་ཀྱི་དུས་ཚོད་ཀྱིས་གཏན་ནས་འདང་གི་མེད།  གཉིད་ཀྱིས་མ་འདང་ན་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུ།ཡི་མུག་ནད།སྙིང་ནད།ཚོ་དྲགས་པའི་ནད་སོགས་ཀྱི་ནད་རིགས་རྣམ་པ་སྣ་ཚོགས་འབྱུང་བར་མ་ཟད།ཀླད་པའི་བྱེད་ནུས་ཇེ་དམའ་དང་རིག་པ་རྟུལ་པོར་གྱུར་ཏེ།བྱ་བའི་ལས་ཕྱོད་ཇེ་དལ་དུ་འགྲོ།  གཞན་ཡང་གཉིད་ཐེབས་རྩ་ཚོགས་པའི་དྲ་བ་ཞིག་ཏུ་བཀོད་པ་ལྟར་ན།

ཁྱེའུ་དང་བྱིས་པ་དག་ཆུ་ཚོད་ག་ཚོད་རིང་གཉིད་དགོས་སམ།

ལོ།   སློབ་སྟོན་ལྟར་ན་ཆུ་ཚོད།

ལོ1-2    ཆུ་ཚོད་11 ནས་14

ལོ་3-5   ཆུ་ཚོད།10 ནས 13

ལོ་6-13    ཆུ་ཚོད། 9 ནས 11

ལོ14-17   ཆུ་ཚོད། 8 ནས 10

      གཉིད་ནི་བདེ་ཐང་གི་རྩ་བ་ཡིན་པས་བྱིས་པར་ཆུང་དུས་ནས་གོམས་སུ་འཇུག་དགོས་པ་ལྟར།བྱིས་པར་གཉིད་ཀྱིས་མ་འདང་ཚེ་ཉེན་ཁ་ཤིན་ཏུ་ཆེན་པོ་ཡོད་པ་རེད།   གཞན་ཞིག་ནི་གུང་གསེང་དང་ལས་བྱའི་སྐོར་རེད།


ཉིན་རེའི་ཉིན་གུང་དང་དགོང་མོའི་ངལ་གསོ་ལ་ལས་བྱ་འབྲི་དགོས།

གཟའ་མཇུག་ལ་ལས་བྱ་འབྲི་དགོས།

དབྱར་གནང་ལ་ལས་བྱ་འབྲི་དགོས།

དགུན་གནང་ལ་ཡང་ལས་བྱ་འབྲི་དགོས།

ངལ་རྩོལ་དུས་ཆེན་གྱི་གུང་གསེང་ལ་ལས་བྱ་འབྲི་དགོས།

        རྒྱལ་བཙུགས་དུས་ཆེན་གྱི་གུང་གསེང་ལ་ལས་བྱ་འབྲི་དགོས།དོན་དམ་བཤད་ཡོང་ན་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་གུང་གསེང་དག་ལ་ཡང་བྱིས་པ་ཚོར་གུང་གསེང་མེད་པར་ལས་བྱ་འབྲི་དགོས།དེ་བས་ཕ་མ་དག་ལ་ཡང་གུང་གསེང་མེད། ལས་བྱ་ཞེས་པ་ལ། དཔོད་འབྲི་ཐེངས་མང་པོར་བྱེད་པ། བོད་རྒྱ་དབྱིན་རྩིས་བཅས་ཀྱི་སྦྱངས་གཞི་ལྷན་ཐབས་འབྲི་བ།མིང་ཚིག་རེ་རེ་ཐེངས་མང་པོ་འབྲི་བ། རྒྱུགས་ཤོག་འབྲི་བ་སོགས་སྣ་ཚོགས་ཡོད། ཁྱིམ་དུ་ཡི་གེ་ལེགས་པོ་ཤེས་མཁན་རེ་ཡོད་ན་སློབ་མ་དེར་རོགས་རམ་བྱེད་ཐུབ་མོད།ཡི་གེ་ཤེས་མཁན་གཅིག་ཀྱང་མེད་པའི་ཁྱིམ་ཚང་དག་གིས་བྱིས་པར་ཇི་ལྟར་རོགས་རམ་བྱེད། ཁོང་ཚོ་ངོ་མ་འུ་ཐུག་པའི་ཁྲོད་ནས་ཁྲོང་ཁྲོ་བཟོད་དུ་མེད་པ་ཞིག་ལངས་ཞོར་བྱིས་པར་གཅར་རྡུང་བྱེད།ལས་གདའ་བྱེད། མདོར་ན་ཕ་མ་དང་བུ་ཕྲུག་གཉིས་ཀྱང་ལས་བྱའི་ཁྲོད་ན་འཐབ་རྩོད་ལ་ཞུགས་ཡོད།འཐབ་རྩོད་འདིའི་མཇུག་འབྲས་ནི། ཕ་མ་དང་བུ་གཉིས་ལ་འུ་ཐུག་པའི་ཚོར་བ་སྤྲད་ནས་བྱིས་པ་སློབ་སྦྱོང་ལ་དགའ་སྣང་ལས་སྐྱོ་སྣང་ཅན་དུ་བསྒྱུར་བ།ཡིག་གཟུགས་ལེགས་པོ་འབྲི་ཁོམ་མེད་པས་བྱིས་པའི་ཡིག་གཟུགས་ལ་གནོད་པ། ནམ་རྒྱུན་གཟུགས་པོ་སྒུར་རྒྱུའི་དུས་ཚོད་མང་པ་ཡིན་ན་བྱིས་པ་དག་གི་སྐེ་ཚིགས་དང་སྒལ་ཚིགས།རྐང་ལག་གི་རྒྱུས་པ་བཅས་ལ་ཤིན་ཏུ་གནོད་པ་ཡོད། འཛམ་གླིང་གང་སར་སློབ་གྲྭ་ཡོད་ལ་སློབ་གསོ་སྔོན་ཐོན་ཅན་གྱི་རྒྱལ་ཁབ་དང་ཚོགས་སྡེ་ཡང་མང་པོ་ཡོད།འོན་ཀྱང་། བྱིས་པའི་འཇོན་ནུས་བསྔོག་འདོན་དང་རང་སྦྱོང་དམིགས་ཡུལ་དུ་བཟུང་ནས་ནམ་ཡང་བྱིས་པ་དག་ལས་བྱའི་འདམ་ལ་ཟུག་ཏུ་བཅུག་མེད།ང་ཚོས་ནམ་ཡང་ལས་བྱ་འབྲི་བ་ནི་སློབ་སྦྱོང་གི་ཐབས་ལམ་ཉག་གཅིག་ཏུ་འཛིན་པ་ལས་བློར་འཛིན་དང་སྐྱོར་སྦྱོང་གི་ལས་བྱ་སྤྲོད་མཁན་གྱི་དགེ་རྒན་ཡང་ཤིན་ཏུ་ཉུང་།སྤྱི་ཚོགས་ཀྱི་བྱེད་སྒོ་ལ་ཞུགས་དགོས་པ་དང་ཕ་མའི་ལས་ཀར་རོགས་རམ་སོགས་བྱེད་པའི་ལས་བྱ་སྤྲོད་མཁན་ཡང་ཤིན་ཏུ་ཉུང་།དོན་དམ་ལས་བྱ་ཞེས་པ་ནི་འབྲི་རྒྱུ་ཁོ་ན་ཡིན་པ་དང་། དེ་ཡར་བཤུ་འབྲི་བྱེད་པ་ཁོ་ན་ཡིན་པའི་ཐབས་ལམ་འདི་ནི་ད་སྐབས་སློབ་མ་གསོད་བྱེད་ཅིག་ལས་སྐྱོབ་བྱེད་ཅིག་མ་རེད་དོ།།