མཐོ་རྒྱུགས་སྐབས་སུ་ཁྱིམ་བདག་རྣམ་པས་ཤེས་དགོས་པ་བཅུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-09   རྩོམ་ཁུངས།    རྨ་ལྷོའི་བོད་ཡིག་ཚགས་པར།

གཅིག རང་ངོས་ཀྱི་བདེ་ཐང་ལ་ལྟ་ཞིབ་དང་ཚད་ལེན་ཡག་པོ་བྱེད་དགོས།

    ཁྱིམ་བདག་གིས་མཐོ་རྒྱུགས་སྔོན་དང་རྒྱུགས་ལེན་སྐབས་སུ་རང་ངོས་ཀྱི་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་ཡག་པོ་བྱེད་དགོས། གལ་ཏེ་རྒྱུན་ལྡན་མིན་པའི་གནས་ཚུལ་ཐོན་ཚེ། རྒྱུགས་སྤྲོད་སའི་སློབ་གྲྭར་སྙན་སེང་ཞུ་དགོས་པ་མ་ཟད་དུས་ཐོག་ཏུ་སྨན་པར་སྟོན་དགོས། ལུས་ཕུང་ལ་ནད་རྟགས་སྣ་ཚོགས་ཐོན་ཚེ་གང་ཐུབ་ཀྱིས་རྒྱུགས་སྤྲོད་སློབ་མ་དང་ཐད་ཀར་དུ་འབྲེལ་འདྲིས་བྱེད་མི་རུང་།

གཉིས། རྒྱུགས་ལེན་དངོས་རྫས་གྲ་སྒྲིག་བྱེད་དགོས། 

    སློབ་མའི་ཁ་ཐུམ་དང་ལག་ཤུབས། ལག་པའི་དུག་སེལ་མྱུར་སྐམ་གཤེར་ཁུ་སོགས་མི་སྒེར་གྱི་འགོག་སྲུང་དང་དུག་སེལ་ཡོ་བྱད་གྲ་སྒྲིག་བྱེད་རོགས་བྱེད་དགོས། སློབ་མར་ཡིག་རྒྱུགས་ཀྱི་གཏན་འབེབས་བཞིན་རྒྱུགས་སྤྲོད་ལག་ཁྱེར་དང་ཐོབ་ཐང་ལག་ཁྱེར། དེ་བཞིན་འབྲེལ་ཡོད་རྒྱུགས་སྤྲོད་མཁོ་ཆས་དང་འགོག་སྲུང་དངོས་རྫས་བཅས་འཁྱེར་བར་དྲན་སྐུལ་བྱ་དགོས།

གསུམ། འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱ་དགོས། 

    མི་སྒེར་གྱི་གཙང་སྦྲ་ལ་དོ་སྣང་བྱས་ཏེ་ཁྱིམ་མིའི་འཚོ་བའི་མཁོ་ཆས་མཉམ་སྤྱོད་བྱེད་མི་རུང་། ཧུར་ཐག་གིས་ཕྱིར་བསྐྱོད་རྒྱུ་ཇེ་ཉུང་དུ་བཏང་ནས། འདུ་འཛོམ་རང་བཞིན་གྱི་བྱ་འགུལ་ཇེ་ཉུང་དུ་བཏང་སྟེ། མི་ཚོགས་མང་ཞིང་མཁའ་དབུགས་འཁོར་རྒྱུག་མི་ལེགས་པའི་གནས་སུ་འགྲོ་མི་རུང་། གལ་ཏེ་ཕྱི་ལ་འགྲོ་དགོས་ན། མི་སྒེར་གྱི་འགོག་སྲུང་ལེགས་པོ་བྱེད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཁ་ཐུམ་རྒྱག་པ། མི་དང་མིའི་བར་སྨི1གི་བར་ཐག་སྲུང་འཛིན་བྱེད་པ། ལག་པའི་འཕྲོད་བསྟེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས།

བཞི། གཞི་རྩའི་རིམས་འགོག་ཤེས་བྱ་ཁོང་དུ་ཆུད་པ་བྱེད་དགོས། 

    མཐོ་རྒྱུགས་ཀྱི་རིམས་འགོག་བྱེད་ཐབས་སྣ་ཚོགས་ལ་རྒྱུས་ལོན་བྱས་ཏེ། འགོས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་སློབ་སྦྱོང་བྱེད་དགོས། མཐོ་རྒྱུགས་སྐབས་ཀྱི་རིམས་འགོག་བླང་བྱ་དང་སྔོན་འགོག་ཚོད་འཛིན་བྱ་ཐབས་ཤེས་རྟོགས་དང་འཕྲལ་སྡོམ་ཁ་གཏད་གཅོག་པའི་བརྒྱུད་རིམ་དང་མི་སྒེར་གྱི་འགོག་སྲུང་གཙོ་གནད་ཁོང་དུ་ཆུད་པ་བྱེད་དགོས།

ལྔ། རྒྱུགས་ལེན་བདེ་འཇགས་ལ་དོ་སྣང་བྱེད་དགོས། 

    རྒྱུགས་རའི་མཐའ་འཁོར་གྱི་སྒྲིག་ལམ་རང་རྟོགས་ངང་བརྩི་སྲུང་བྱེད་དགོས། རྒྱུགས་སྤྲོད་ས་ཚིགས་ཁག་གི་འབྲེལ་ཡོད་ལམ་ལུགས་ལ་བརྩི་སྲུང་བྱས་ནས་རྒྱུགས་སྤྲོད་ས་ཚིགས་ཀྱི་ཉེན་ཟོན་ཁྱབ་ཁོངས་སུ་མི་རྒྱུ་བ་དང་། བྱིས་པར་རྒྱུགས་སྤྲོད་ས་ཚུགས་ཀྱི་རིས་འགྲེལ་ལམ་ལས་དོན་མི་སྣའི་མཛུབ་སྟོན་ལྟར་རྒྱུགས་རའི་ནང་ཞུགས་པར་མངག་བཅོལ་བྱ་དགོས། བྱིས་པ་རྒྱུགས་རའི་ནང་བདེ་བླག་ངང་བསྐྱལ་རྗེས། རང་འགུལ་གྱིས་ཁ་འབྲལ་བ་ལས་འདུ་འཛོམས་དང་འདུས་སྡོད་མི་བྱེད་པ་དང་། འུར་མི་རྒྱག་པ། ཕན་ཚུན་ནད་དུག་འགོ་བའི་གནས་ཚུལ་མི་ཡོང་བ་བྱེད་དགོས། དུས་མཚུངས་སུ་མི་སྒེར་གྱི་འགོག་སྲུང་ལེགས་པོ་བྱས་ཏེ། གང་ཐུབ་ཀྱིས་མི་གཞན་དང་བར་ཐག་ངེས་ཅན་ཞིག་རྒྱུན་འཁྱོངས་བྱེད་དགོས།

དྲུག  ངལ་གསོ་བྱ་ཡུལ་གྱི་གདམ་ག 

    རྒྱུགས་གཞི་རེ་རའི་བར་མཚམས་སུ་ཆ་རྐྱེན་ཡོད་པའི་རྒྱུགས་སྤྲོད་སློབ་མ་ཁྱིམ་དུ་ལོག་ནས་ངལ་གསོ་བྱེད་དགོས། གལ་ཏེ་མགྲོན་ཁང་དུ་འདུག་དགོས་ན་གང་ཐུབ་ཀྱིས་སྔོན་མངགས་བྱེད་ཐབས་སྤྱད་དེ་ཁང་བའི་ནང་དུ་ཐོན་པའི་དུས་ཚོད་ཇེ་ཐུང་དུ་གཏོང་དགོས། སྔ་མོ་ནས་མགྲོན་ཁང་གི་བླང་བྱ་ཤེས་རྟོགས་བྱས་ཏེ་མི་ཚང་མའི་ཐོབ་ཐང་ལག་ཁྱེར་དང་བདེ་ཐང་ཨང་རྟགས་སོགས་གྲ་སྒྲིག་ཡག་པོ་བྱེད་དགོས། མགྲོན་ཁང་དུ་སླེབས་རྗེས་མི་གཞན་དང་བར་ཐག་ངེས་ཅན་ཞིག་རྒྱུན་འཁྱོངས་བྱས་ནས་མི་ཚོགས་འདུ་འཛོམས་བྱེད་མི་རུང་། ཁང་པའི་ནང་ཐོན་རྗེས། སྤྱི་སྤྱོད་སྒྲིག་ཆས་ཏེ་དཔེར་ན་གཙང་སྤྱོད་ཁང་། སྒོ་ཟུངས་སོགས་ཀྱི་ཕྱི་ངོས་སུ་དུག་སེལ་གཙང་མ་བྱེད་དགོས་པ་མ་ཟད་རང་ཉིད་ཀྱི་མཁོ་ཆས་བཀོལ་སྤྱོད་བྱེད་ན་བཟང་།

བདུན། བཟའ་བཏུང་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས། 

    ཟས་ཚོས་མ་ལས་རློན་པ་མི་ཟ་བ། ཁྱིམ་ཚང་གི་བཟའ་སྐོལ་སྐབས་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས་པ་དང་། བཟའ་བཅའི་རྒྱུ་ཆ་གཙང་མ་ཡིན་པའི་འགན་ལེན་བྱེད་དགོས། ལས་སྣོན་དང་ཉར་ཚགས་བྱེད་སྐབས་ཟས་ཚོས་མ་ལོགས་སུ་དབྱེ་རྒྱུར་དོ་སྣང་བྱེད་དགོས། མྱུར་ཟས་རིགས་ཟ་སྐབས་ཟ་མའི་སྤུས་ཚད་དང་གསོག་ཉར་ཆ་རྐྱེན་ལ་དོ་སྣང་བྱེད་དགོས། ཕྱི་ནས་ཟ་མ་ཟ་སྐབས་འགོག་སྲུང་ལ་དོ་སྣང་དང་ཟ་འཐུང་གི་དུས་ཚོད་ཇེ་ཉུང་དུ་གཏོང་བ་མ་ཟད། སྤྱི་བའི་ཁེམ་བུ་དང་ཐུར་མ་སྤྱོད་དགོས།

བརྒྱད། ལུགས་མཐུན་ངང་བཟའ་བཅའ་སྡེབ་སྒྲིག་བྱེད་པ། 

    རྒྱུགས་ལེན་སྐབས་བཟའ་བཏུང་གི་ཆོས་ཉིད་རྒྱུན་འཁྱོངས་བྱེད་དགོས། ཁྱིམ་བདག་གིས་བྱིས་པར་འཇུ་བདེ་བའི་ཟས་རིགས་མང་པོ་གྲ་སྒྲིག་བྱེད་དགོས། ནངས་ཇ་འོས་འཚམ་ལས་རྒྱགས་ཆད་པར་ཟ་མི་རུང་། གུང་ཟས་ལ་ཟས་རིགས་དཀར་དམར་སྡེབ་དགོས། དགོང་ཟས་གཙོ་བོ་འཇུ་སླ་ཞིང་ཞག་ཚི་ཉུང་བ་འདེམས་པ། ཇ་གར་པོ་དང་ཁ་ཧྥེ་འཐུང་མི་རུང་།

དགུ། འོས་འཚམ་གྱི་འགུལ་སྐྱོད་དང་ཆོས་ཉིད་ལྡན་པའི་ངལ་གསོ་བྱེད་པ། 

    རྒྱུགས་ལེན་སྔོན་ལ་མཐོ་རྒྱུགས་ཀྱི་དུས་ཚོད་བཀོད་སྒྲིག་ལྟར་བྱིས་པའི་ངལ་གསོ་ལེགས་སྒྲིག་བྱེད་དགོས། བྱིས་པའི་ལུས་ཕུང་གི་བཟང་ངན་ལ་གཞིགས་ནས་ལུས་རྩལ་གྱི་རྣམ་གྲངས་དང་བྱེད་སྟངས་འོས་འཚམ་ཞིག་བདམས་ནས་ལུས་སེམས་ལ་ངལ་གསོ་ཐེབས་དགོས། མཐོ་རྒྱུགས་སྐབས་སུ་འགུལ་སྐྱོད་ཚད་ལས་བརྒལ་མི་རུང་།

བཅུ། རྒྱུགས་ཞུགས་སློབ་མའི་སེམས་ཁམས་ལེགས་སྒྲིག་བྱེད་པར་ཁྲིད་སྟོན་བྱེད་དགོས། 

    ཁྱིམ་བདག་གིས་བྱིས་པའི་སེམས་ཁམས་ལ་དོ་སྣང་བྱས་ཏེ་དྲོ་སྐྱིད་ལྡན་ཞིང་ལྷོད་གཡེང་ཅན་གྱི་ཁྱིམ་ཚང་གི་ཁོར་ཡུག་ཅིག་བསྐྲུན་དགོས། བྱིས་པ་དང་བསམ་ཚུལ་བརྗེ་རེས་མང་ཙམ་བྱས་ནས་བྱིས་པའི་གནོན་ཤུགས་ཆུང་དུ་བཏང་སྟེ། སྤྲོ་སྣང་དང་བློ་ཁོག་ཡངས་པོས་མཐོ་རྒྱུགས་ལ་ཞུགས་རྒྱུར་སྐུལ་མ་བྱེད་དགོས། །