རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-14   རྩོམ་ཁུངས།    རྔ་བའི་འཕྲིན་སྟེགས།
བོད་རིགས་ཀྱིས་ཤིང་ཕོར་ལ་དང་དོད་ཆེན་པོ་བྱེད་ཀྱི་ཡོད། གནའ་དུས་ཡུལ་གཞས་ནང་། ཁོ་རང་གཡུག་ན་སྙིང་རྗེ། ཁོ་རང་བཞག་ན་མི་ཡོང་། ཁོ་རང་ཨམ་ཕྲག་ནང་གི་ཤིང་ཕོར་ཡིན་ན་བསམ་བྱུང་ཞེས་པ་ལས། ཤིང་ཕོར་ལ་བཅངས་པའི་བརྩེ་བ་དྭངས་མ་དེ་མཚོན་ཐུབ།
ཤིང་ཕོར་རང་གི་གྲིབ་མ་བཞིན་ལུས་དང་མི་འབྲལ་བ་ནི་བོད་ཀྱི་དམིགས་བསལ་གྱི་རང་བྱུང་ཁོར་ཡུག་དང་འཚོ་གནས་བྱེད་སྟངས་ཀྱི་གོམས་གཤིས་ལ་བརྟེན་ནས་གྲུབ་པ་ཞིག་ཡིན། རྩྭ་ཆུ་བཟང་སར་སྐྱས་སྤོ་བའི་འབྲོག་པ་དང་། བརླན་བཤེར་འཛོམས་པའི་ས་རྒྱུ་ནོམ་པོའི་ཐོག་འཚོ་བཞིན་པའི་ཞིང་པ། དེ་མིན་སྐྱེ་བོ་རྒན་དར་གཞོན་གསུམ་དང་ཕོ་མོ་སུ་ཡིན་རུང་། ཁོ་ཚོའི་ཨམ་ཕྲག་ནང་ཤིང་ཕོར་རེ་ཡོད། ཐ་ན། ཤིང་ཕོར་གཅིག་མི་གཅིག་གི་མི་ཚེ་ཧྲིལ་པོ་བརྒྱུད་དེ་རྗེས་རབས་ཚོས་མུ་མཐུད་བེད་སྤྱོད་གཏོང་སྲོལ་ཡང་ཡོད། བོད་དུ་ཤིང་ཕོར་བཟའ་བཏུང་ཙམ་མ་ཟད། ཐོབ་ཐང་གི་མཚོན་རྟགས་ཤིག་དེ་བས་ཡིན། ཡུན་རིང་བཀོལ་སྤྱོད་བྱས་པའི་བརྒྱུད་རིམ་ནང་། ཤིང་ཕོར་ལ་རིག་གནས་ཀྱི་གྲུབ་ཆ་དམིགས་བསལ་ཞིག་ཆགས་ཡོད། ཁྱིམ་ནས་ཤིང་ཕོར་ལ་བཀོལ་སྤྱོད་ཀྱི་རིན་ཐང་དང་། ཕྱི་ནས་ཤིང་ཕོར་ལ་མཚོན་རྟགས་ཀྱི་དོན་སྙིང་མི་འདྲ་བ་སྣ་ཚོགས་ཡོད། མི་མང་པོ་ཞིག་གི་སེམས་ནང་ཤིང་ཕོར་གསེར་ལས་རྩ་ཆེ་ཞིང་། ནམ་ཡང་ལུས་དང་གྲིབ་མ་བཞིན་དུ་བསྲུངས་ཡོད།
ཤིང་ཕོར་ཆེ་བ་སྐྱེ་པ་དང་ཆུང་བ་བུད་མེད་ཀྱི་བཀོལ་སྤྱོད་བྱེད།
དངུལ་རྒྱན་གྱིས་སྤྲས་པའི་ཤིང་ཕོར་ཁག་གཅིག
ཁྱིམ་ཚང་དཀྱུས་མས་ཤིང་ཕོར་རྐྱང་རྐྱང་དང་། ཕྱུག་པོས་ཤིང་ཕོར་ཐོག་བཀྲ་ཤིས་རྟེན་འབྲེལ་མཚོན་བྱེད་ཀྱི་རི་མོ་བཀོད་པའི་གསེར་རྒྱན་རྒྱག་གི་ཡོད། གང་ལྟར་ཡང་། གསེར་དངུལ་ནི་མཛེས་རྒྱན་ཙམ་ལས་མ་འདས། ང་ཚོས་ཤེས་དགོས་པ་ནི་འཚོ་བའི་གྲུ་ཟུར་གང་དུ་ཡང་ཤིང་ཕོར་གྱི་གྲིབ་མ་ཡོད་དེ། ཤིང་ཕོར་ཐོག་ནས་ཁྱིམ་ཚང་སོ་སོའི་དབུལ་ཕྱུག་དང་གནས་བབ་ར་སྤྲོད་བྱེད་ཐུབ། བོད་ཀྱི་ས་ཆ་མང་པོ་ཞིག་ལ་སྤུས་དག་གི་ཤིང་ཕོར་ཞིག་གཡག་བཅུ་དང་མགོ་ཐུག་རྒྱབ་ཆོག་ཅེས་ཟེར་སྲོལ་ཡོད།
བཀྲག་མདངས་ཆེ་བའི་ཤིང་ཕོར་ལེགས་པའི་ངེས་པ་མེད་དེ། དོན་དུ་འཛེར་པ་དང་ཤིང་རིས་ནི་ཤིང་ཕོར་རིན་ཐང་ཆེ་ཆུང་གི་གཞི་འཛིན་ས་ཡིན། འཛེར་པ་དང་ཤིང་རིས་ནི་ཤིང་ཕོར་ལ་ཡོད་པའི་རང་བྱུང་གི་རི་མོ་དེ་ཡིན་ལ། རིན་ཐང་ཆེ་མིན་གྱི་གནད་འགག་ཡང་དེར་ཐུག་ཡོད།
ཤིང་ཕོར་ལེགས་པོ་ཞིག་ཡིན་ཚེ་ཆུ་ཁོལ་བླུག་ན་མི་གས་པ་དང་། ས་ཐོག་ཏུ་ལྷུང་ན་མི་ཆག་པ། ལག་པས་རེག་ན་ཚ་གྲང་གང་ཡིན་མི་ཤེས་པ། ཡང་ཞིང་སྲ་བ། བེད་སྤྱོད་བྱས་ན་དེ་ཙམ་གྱིས་ཡག་ཏུ་འགྲོ་བས། ཤིང་ཕོར་ལེགས་ཉེས་ལ་བརྟག་སྐབས་ཇི་ཙམ་ཤེས་བྱ་དེ་རྟོགས་དགོས།
ཤིང་ཕོར་གྱི་རྒྱུ་ཆ་ནི་ཤིང་མོན་ཆ་ར་དང་། དར་ཤིང་། སྟག་མ། ཤུག་པ་བཅས་མཁྲེགས་ཤིང་གི་རྩ་བ་དང་ལྦ་བ་ཡིན་ལ། རྒྱུ་ཆ་འདེམས་པ་དང་། ཤིང་གཅོད་པ། བཙོ་བ། གྲིབ་སྐམ་གཏོང་བ། དབྱིབས་འདོན་པ། བརྡར་བ། རྩི་གཏོང་བ་སོགས་ཀྱི་ལས་རིམ་བརྒྱུད་དགོས།