རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-21   རྩོམ་ཁུངས།    བདེ་ཆེན་མངོན་མིན་ཤུལ་བཞག་རིག་གནས།
མ་ཡུས་ལིན། ཕོ། བོད་རིགས། 1965ལོའི་ཟླ་10པར་སྐྱེས། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་མཐའ་ཆུ་གྲོང་རྡལ་ཆུ་འཛོམས་གྲོང་ཚོ་ཨུ་ལྷན་གྱི་ཀེ་ལི་ཀྲུའོ་གྲོང་མི་ཚོགས་ཆུང་གི་གྲོང་མི་ཡིན་ལ། ཧྲིན་ཁྲོན་རས་བ་ཞེས་པའི་གླུ་གར་གྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཡིན་པ་རེད།
2019ལོའི་ཟླ་11པར་ཡུན་ནན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས“ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར”གཏན་འཁེལ་བྱས་པ་རེད། མཐའ་ཆུ་གྲོང་རྡལ་ཧྲིན་ཁྲོན་རས་པ་ནི་འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་མཐའ་ཆུ་གྲོང་རྡལ་ཁོངས་སུ་ཁྱབ་པའི་གནའ་བོའི་མཆོད་འབུལ་གུས་ལུགས་ཀྱི་གླུ་གར་ཞིག་ཡིན་ལ། ཁྱད་ཆོས་ཐུན་མོང་མ་ཡིན་པ་དང་ལོ་རྒྱུས་ཡུན་རིང་ལྡན་པ་རེད། རྔ་རྡུང་ནས་རམ་དཀྲོལ་བྱེད་པ་དང་། གླུ་དང་གར་སོགས་ཀྱིས་གྲུབ་པའི་མཉམ་སྡེབ་གླུ་གར་ཆེ་གྲས་ཤིག་ཡིན། སྲོལ་རྒྱུན་གནའ་གཞུང་གྲུབ་མཐའི་རས་པའི་རིགས་སུ་གཏོགས་ཏེ། རྒྱལ་ཡོངས་ཀྱི་བོད་རིགས་ས་ཁུལ་དུ་དམིགས་སུ་ཐོན་པ་ཞིག་ཡིན་པ་རེད།
མ་ཡུས་ལིན་ཆུང་དུས་ནས་རས་པ་གླུ་གར་གྱི་ཕ་ཡུལ་ཞེས་གྲགས་པའི་མཐའ་ཆུ་གྱི་གྲོང་རྡལ་ནས་འཚར་ལོངས་བྱུང་ལ། རས་པའི་གླུ་གར་ལ་དགའ་སྣང་ཆེན་པོ་སྐྱེས་པ་རེད། ཁྱིམ་ཚང་དབུལ་པོ་ཡིན་པའི་དབང་གིས་མ་ཡུས་ལིན་དམའ་རིམ་སློབ་འབྲིང་འགྲིམ་རྗེས་ཁྱིམ་དུ་ལོག་ནས་ཞིང་ལས་མི་བྱེད་ཐབས་མེད་བྱུང་ལ། དེ་རྗེས་མ་ཡུས་ལིན་གྱིས་རས་པ་གླུ་གར་དེ་བས་རྒྱ་ཁྱབ་དང་གཏིང་ཟབ་ངང་ཤེས་རྟོགས་ཐུབ་པའི་འགོ་བརྩམས་པ་རེད། སྡེ་བའི་ནང་དུ་རྟེན་འབྲེལ་མཛད་སྒོ་སྤེལ་སྐབས། མ་ཡུས་ལིན་གྱིས་རས་པ་ཞབས་བྲོའི་རུ་ཁག་གི་རྗེས་སུ་འབྲངས་ནས་དགའ་དགའ་སྤྲོ་སྤྲོའི་ངང་གླུ་གར་ལ་རོལ་བ་ཡིན་ལ། མ་ཡུས་ལིན་གྱི་ཨ་ཕ་མ་ཅུན་ནི་སྐབས་དེའི་གྲོང་ཚོའི་ཞབས་བྲོ་རུ་སྣེ་འཁྲིད་མཁན་ཡིན་ལ། རང་གི་བུ་ཆུང་རས་པ་ཞབས་བྲོ་ལ་དགའ་པོ་ཡོད་པ་ཤེས་རྗེས་ཞབས་བྲོ་དང་གཞས་གདངས་ནས་ཁོང་ལ་རས་པ་ཞབས་བྲོ་སློབ་ཁྲིད་བྱས་པ་རེད། ཁོ་བློ་རིག་ལྡན་ལ་སྤྱང་གྲུང་འཛོམས་པས། རས་པ་གླུ་གར་ཁོང་དུ་ཆུད་པ་དང་གོ་བ་ལོན་པ་མགྱོགས་ཙམ་ཡོད་པས་རྟག་ཏུ་རས་པ་འཁྲབ་སྟོན་རུ་ཁག་ནང་བདམས་ནས་འཁྲབ་སྟོན་ནང་ཞུགས་པ་རེད།ཨ་ཕ་མ་ཅུན་གྱིས་སྐབས་དེར་མཐའ་ཆུ་གྲོང་རྡལ་པ་ཀྲུའུ་གྲོང་ཚོའི་སློབ་ཆུང་དུ་དགེ་རྒན་བྱེད་བཞིན་ཡོད་ལ། གཟའ་མཇུག་མ་གཏོགས་ཁྱིམ་དུ་ལོག་མི་ཐུབ་པས། མ་ཡུས་ལིན་གྱིས་ཕ་ཁྱིམ་དུ་ལོག་པའི་བཟའ་མཇུག་གི་དུས་ཚོད་འདི་དང་བསྟུན་ནས་ཨ་ཕ་དང་མཉམ་དུ་རས་པ་གླུ་གར་སྦྱོང་བྱས་པ་རེད།
མ་ཡུས་ལིན་གྱིས་རས་པ་ཞབས་བྲོ་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་དུ་དཀའ་སྤྱད་འབད་བརྩོན་བྱས་ལ། ཨ་ཕས་གཟའ་འཁོར་རེར་ཁྲིད་པའི་གར་གྱི་སྟངས་སྟབས་དང་གཞས་གདངས་ཟིན་ཐོར་བཀོད་ཅིང་། ཨ་ཕ་སློབ་གྲྭར་ལོག་རྗེས། རང་ཉིད་ཀྱིས་ཁྱིམ་དུ་ཞིང་འདེབས་དང་ཕྱུགས་འཚོའི་ཁོམ་གསེང་དུ་སྦྱངས་པའི་ནང་དོན་ལ་ཡང་ཡང་བསམ་བློ་ཞིབ་མོ་བཏང་་ལ་བསྐྱར་སྦྱོང་བྱས་པ་རེད། དེ་མིན། མ་ཡུས་ལིན་གྱིས་ད་དུང་ཕ་ལགས་དང་མཉམ་དུ་གྲོང་ཚོ་དང་། གྲོང་རྡལ། དེ་མིན་ཕའི་སློབ་གྲྭ་བཅས་ཀྱིས་གཉེར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་ནས་བྱེད་སྒོ་སྤེལ་ཡུལ་དུ་ལྟ་སྦྱོང་དང་སློབ་སྦྱོང་བྱེད་པར་བསྐྱོད་པ་རེད། མ་ཡུས་ལིན་གྱིས་རང་ཉིད་ཀྱི་དུས་ཡུན་རིང་པོའི་སྦྱོང་བརྡར་དང་དཀའ་སྤྱད་བརྩོན་ཞིབ་བྱས་པ་བརྒྱུད། ལོ་བཅོ་བརྒྱད་ཡས་མས་སུ་རས་པའི་གཞས་གདངས་དང་གར་གྱི་སྟངས་སྟབས་སོགས་ལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་མ་ཟད། གནས་ཚུལ་མི་འདྲ་བར་གཞིགས་ནས་གླུ་ལེན་གར་འཁྲབ་བྱེད་ཐུབ། མ་ཡུས་ལིན་གྱིས་སྐྱེས་པའི་གར་མཁན་གྱི་སྟངས་སྟབས་ཁྲོད་ཀྱི་རྐང་བ་ཡར་བཀྱག་པ་དང་། མཆོང་ལྡིང་བྱེད་པ། གོམ་ཆུང་སྤོ་བ། སྐེད་པ་འགྱུར་བ། ཙོག་པུར་སྡོད་པ། སྐེད་པ་འགུལ་བ། ལག་པ་གཡུག་པ། དེ་མིན་དཀའ་ཁག་ཅུང་ཆེ་བའི་མགོ་གཏིང་ལོག་པའི་བྲོའི་སྟངས་སྟངས་ཀྱང་ཤེས་པ་རེད། གཞས་གདངས་ཀྱི་ཐད་ནས་མ་ཡུས་ལིན་གྱིས་རས་པ་ཞབས་བྲོ་མ་གཏོགས་“ལྷ་མོའི”ལེན་བཏང་ཤེས་པ་རེད།
མ་ཡུས་ལིན་གྱིས་རས་པ་པའི་གླུ་གར་སྒྱུ་རྩལ་ཁོང་དུ་ཆུད་པ་དང་བསྟུན་ནས་རིམ་བཞིན་བྱང་ཆུབ་པར་གྱུར་ལ། རིམ་བཞིན་ས་གནས་དེ་གའི་ཞབས་བྲོ་འཁྲབ་སྟོན་དང་རྒྱུན་འཛིན་མཁན། སྒྲིག་འཛུགས་མཁན་གལ་ཆེན་དུ་གྱུར་པ་རེད། གྲོང་ཚོའི་ནང་གཉེན་སྒྲིག་དང་དུས་ཆེན་སོགས་ཀྱི་བྱེད་སྒོ་ཡོད་ཚེ་ཁོང་གི་སྣེ་ཁྲིད་དང་ཁོང་གི་རྩ་འཛུགས་མེད་དུ་མི་རུང་ལ། ཁོང་གིས་ཁྲིད་པ་དང་སྒྲིག་འཛུགས་བྱས་པའི་རས་པ་གླུ་གར་གྱིས་རྫོང་དང་ཁུལ་གྱི་རྟེན་འབྲེལ་མཛད་སྒོ་ཐེངས་མང་བོར་ཞུགས་ལ་རྒྱ་ཆེའི་ལྟད་མོ་བ་དང་འབྲེལ་ཡོད་མི་སྣའི་གདེང་འཇོག་ཚད་མཐོན་པོ་ཐོབ་པ་རེད།
གྲོང་ཚོའི་གཞོན་ནུ་ཚོས་མ་ཡུས་ལིན་གྱི་ཤུགས་རྐྱེན་འོག་རས་པ་གླུ་གར་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར་ཞིང་། ཁོ་བཙལ་ནས་ཞབས་བྲོ་འཁྲབ་པའི་མི་སྣ་མང་ལ། རས་པ་གླུ་གར་སྦྱོང་དུ་ཡོང་མཁན་ཚོར་མ་ཡུས་ལིན་གྱིས་ཀྱང་སྦ་གསང་སྤུ་ཙམ་ཡང་མེད་པར་རང་ཉིད་ཀྱི་ཤེས་ཚོད་ཀྱིས་སློབ་ཁྲིད་བྱས་པ་རེད།