བྱིས་པ་མུན་ནག་ལ་སྐྲག་པའི་རྒྱུ་མཚན་ཅི།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-28   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

        ཞིབ་འཇུག་པས་བཅར་འདྲི་ལ་བརྟེན་ནས་བྱིས་པ་མུན་ནག་ལ་སྐྲག་དོན་དང་དེའི་ལོ་ནའི་འཕེལ་འགྱུར་ལ་རྒྱུས་ལོན་བྱས་པ་རེད། ཁོ་ཚོས་ཤེས་རྟོགས་བྱུང་བ་ལྟར་ན། ལོ་ན་ཆུང་བའི་བྱིས་པ་མུན་ནག་ལ་སྐྲག་སྣང་སྐྱེས་དོན་ནི་རྫུན་བཟོའམ་རྟོག་བཟོ་བྱས་པའི་གདོན་འདྲེའི་རིགས་ཡིན་ལ། ལོ་ན་ཇེ་ཆེར་སོང་བ་དང་བསྟུན་ནས་སྐྲག་སྣང་སྐྱེས་དོན་དེ་རྟོག་བཟོའི་ངོ་བོ་ནས་སྔར་ལས་དངོས་ཡོད་ཅན་གྱི་ཕྱོགས་སུ་འགྱུར་གྱིན་ཡོད། དཔེར་ན་ལུས་ཕུང་ལ་རྨས་སྐྱོན་ཕོག་པ་དང་མི་སྒེར་གྱི་བདེ་ཐང་ལ་གནོད་པའི་རིགས་ཡིན། འགྱུར་ལྡོག་དེའི་རིགས་ལས་བྱིས་པ་ལོ་ན་ཇེ་ཆེར་སོང་བ་དང་བསྟུན་ནས་དངོས་ཡོད་དང་སྟོང་བསམ་གྱི་དབྱེ་བ་འབྱེད་སྟངས་ཀྱི་ནུས་པ་ཡང་ཇེ་མཐོར་འགྲོ་བཞིན་པ་མཚོན་ཐུབ།

        བྱིས་པ་མུན་ནག་ལ་སྐྲག་པའི་ཕྱིའི་རྒྱུ་རྐྱེན་སྐོར་ལ་ཚན་རིག་པས་གཞུང་ལུགས་རིགས་གསུམ་བཏོན་མྱོང་ལ། གཞུང་ལུགས་དེར་གཞིགས་ཚེ། བྱིས་པར་སྐྲག་སྣང་སྐྱེས་དོན་ནི་གཤམ་གསལ་སློབ་སྦྱོང་གི་གོ་རིམ་རིགས་གསུམ་བརྒྱུད་ནས་ཡོང་བ་རེད།

        ལྡོག་གཤིས་ཆ་རྐྱེན་ལ་སློབ་སྦྱོང་བྱེད་པ། དཔེར་ན། བྱིས་པ་ཞིག་ལ་རྒྱུ་བལ་ལས་གྲུབ་པའི་རྩེད་ཆས་ཤིག་བྱིན་ཏེ་རྩེ་རུ་འཇུག་སྐབས། བྱིས་པས་དགའ་སྤྲོའི་ངང་དེ་ལག་ཏུ་པང་བ་ན། གློ་བུར་དུ“ཕིང”ཞེས་རྣ་བར་གཟན་པའམ་སྐྲག་སྣང་སྐྱེས་པའི་སྒྲ་ཞིག་ཐོན་ཚེ། བྱིས་པ་སྐྲག་ནས་ངུ་འབོད་བྱེད་པ་རེད། དེ་ནས་བཟུང་མདོག་དཀར་པོ་ཅན་དང་བལ་ལས་གྲུབ་པའི་དངོས་པོ་ཞིག་ཡིན་ཚེ་བྱིས་པ་དེ་ལ་སྐྲག་སྣང་སྐྱེས་ཀྱིན་ཡོད།

        ལད་མོའི་སློབ་སྦྱོང་བྱེད་པ། བྱིས་པས་མི་རྒན་པའི་བྱ་བྱེད་ལ་སློབ་སྦྱོང་བྱེད་པ་ལྟ་བུ། དཔེར་ན། མི་རྒན་པ་ཁྱི་ཆེན་ཞིག་དང་འཕྲད་པའི་སྐབས་སུ་འཚབ་བེ་འཚུབ་བེ་ངང་གཡོལ་ཐབས་བྱས་པ་མཐོང་བ་ན། བྱིས་པས་ཀྱང་དེ་བཞིན་དུ་མི་རྒན་པའི་ཚུགས་ཀ་ལྟར་མྱུར་མོར་སྣང་ཚུལ་དེའི་རིགས་ལ་གཡོལ་བ་རེད།

        ལྡོག་གཤིས་བརྡ་འཕྲིན་བརྒྱུད་སྤྲོད་བྱེད་པ། བྱིས་པས་མེ་ལྕེ་འོད་ལམ་ལམ་བྱེད་པ་མཐོང་བ་ན། ཡག་པར་མཐོང་ནས་མེ་ལྕེ་ཡོད་སར་ལག་པ་བསྲིང་འདོད་པའི་བཟོ་ལྟ་སྟོན་ཞིང་། སྐབས་དེར་མི་རྒན་པས་བྱིས་པ་ཚོར་མེ་ལ་རེག་ཐུག་བྱས་ན་ལག་པ་སྲེག་པ་དང་ཚ་བའི་ན་ཟུག་ཐོན་པའི་སྐོར་ནས་ཁ་བརྡ་བྱེད་ངེས། ཞིབ་འཇུག་པས་ཤེས་རྟོགས་བྱུང་བ་ནི། བྱིས་པ་མང་ཆེ་བ་མུན་ནག་ལ་སྐྲག་པ་ནི་ལྡོག་གཤིས་བརྡ་འཕྲིན་བརྒྱུད་སྤྲོད་ཀྱི་ནང་རྐྱེན་ལས་བྱུང་བ་ཞིག་རེད་ལ། གཞན་ལྡོག་གཤིས་བརྡ་འཕྲིན་བརྒྱུད་སྤྲོད་བྱེད་པའི་གོ་རིམ་ཁྲོད། བརྙན་འཕྲིན་གྱིས་བརྒྱུད་སྤྲོད་བྱས་པའི་ལྡོག་གཤིས་ཆ་འཕྲིན་གྱིས་གཙོ་ཁྲིད་ཀྱི་ནུས་པ་ཐོན་གྱིན་ཡོད། །