མ་བུ་བདེ་སྲུང་གི་གོ་དོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-30   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།

        མི་ན་བར་གནས་པར་བྱེད་མཁན་ཏེ་སྨན་པའམ་བདེ་སྲུང་མི་སྣས་བྱ་བའི་ཡུལ་ཏེ་མ་དང་བྱིས་པ་གཉིས་ལ་མི་ན་བར་གནས་བར་བྱེད་པའི་ལས་བསྒྲུབས་ཏེ། འབྲས་བུ་མ་དང་བྱིས་པའི་ལུས་སེམས་བདེ་ཞིང་མི་ན་བའི་ངང་དུ་གནས་པར་བྱེད་ཐབས་ལ་མ་བུ་བདེ་སྲུང་ཞེས་བརྗོད། དེ་ལའང་ཞིབ་ཏུ་མའི་བདེ་སྲུང་དང་། བྱིས་པའི་བདེ་སྲུང་སྟེ་དོན་ཚན་ཆེན་པོ་གཉིས་སུ་དབྱེ་ཡོད།

        གཅིག མ་བུ་བདེ་སྲུང་བྱ་བའི་དོན་སྙིང་།

        མ་བུ་བདེ་སྲུང་ཞེས་པ་ནི་མ་དང་བྱིས་པ་རྣམས་མི་ན་བར་ཡུན་རིང་དུ་གནས་པ་དང་། ན་བ་གསོ་བར་བྱ་བ་དམིགས་ཡུལ་དུ་བྱས་པའི་འཕྲོད་བསྟེན་བདེ་སྲུང་བྱ་བའི་ནང་དོན་གལ་ཆེན་ཞིག་ཡིན། ལར་ན་བུད་མེད་གནམ་གྱི་ཕྱེད་ཀ་ཞེས་པ་ལྟར་ན་བུད་མེད་ཀྱིས་མི་གྲངས་སྤྱིའི་ཕྱེད་ཀ་ཟིན་པས་བུད་མེད་བདེ་སྲུང་བྱ་བ་ལེགས་པར་བྱུང་སྟེ། བུད་མེད་ཀྱི་ལུས་སེམས་བདེ་ཞིང་ཐང་ན་བུ་རབས་ཚ་རྒྱུད་ཀྱི་བདེ་ཐང་དང་། ཁྱིམ་ཚང་གི་བདེ་སྐྱིད། མི་རིགས་ཀྱི་རྒྱུ་སྤུས་མཐོར་འདེགས་བྱེད་པའི་རྟེན་དུ་འགྱུར་ངེས་ལ། དེ་བཞིན་བྱིས་པ་རྣམས་ནི་རྒྱལ་ཁབ་དང་མི་རིགས་ཀྱི་མ་འོངས་བ་ཡིན་པས་དེའི་ངོས་ཐད་ཀྱི་བདེ་སྲུང་ནི་གནད་ཀྱི་དམ་པར་མཐོང་།

        སྤྱིར་མ་བུ་བདེ་སྲུང་བྱ་བའི་གཙོ་གནད་ནི་སྔོན་འགོག་དང་བདེ་སྲུང་སྟེ་མི་ན་བར་གནས་པར་བྱ་བ་དཀྱིལ་སྙིང་དུ་འཛིན་པ་དང་། ནད་ཐོག་དངོས་དང་སྦྱར་ཏེ་འགོག་བཅོས་ཟུང་འབྲེལ་སྒོས་གཞི་རིམ་གྱི་མ་བུ་བདེ་ཐང་ལས་དོན་གྱི་རྒྱ་སྐྱེད་པ་དེ་ཡིན་ལ། དེ་ཡང་བུད་མེད་ཀྱི་བདེ་སྲུང་ལ་ལང་ཚོའི་དུས་ཀྱི་བདེ་སྲུང་། གཉེན་སྒྲིག་དུས་ཀྱི་བདེ་སྲུང་། མངལ་ཆགས་དུས་ཀྱི་བདེ་སྲུང་། བཙའ་བའི་དུས་ཀྱི་བདེ་སྲུང་། སྦྲུམ་དུས་ཀྱི་བདེ་སྲུང་། བང་ནང་གི་བདེ་སྲུང་། འོ་སྣུན་དུས་ཀྱི་བདེ་སྲུང་། རོ་ཙ་ཉམས་དུས་ཀྱི་བདེ་སྲུང་། རྒས་དུས་ཀྱི་བདེ་སྲུང་བཅས་ལག་ལེན་དུ་བསྟར་དགོས་པ་ཡིན་ལ། བྱིས་པའི་བདེ་སྲུང་ལ་ཕྲུ་གུ་གསར་སྐྱེས་ཀྱི་བདེ་སྲུང་། ཁྱེའུའི་དུས་ཀྱི་བདེ་སྲུང་། ཕྲུ་གུའི་དུས་ཀྱི་བདེ་སྲུང་། སློབ་ལོ་རན་པའི་སྔུན་གྱི་བདེ་སྲུང་། སློབ་ལོ་རན་དུས་ཀྱི་བདེ་སྲུང་། ལང་ཚོའི་དུས་ཀྱི་བདེ་སྲུང་བཅས་གཙོར་འཛིན་པ་ཡིན།

        གཉིས། མ་བུ་བདེ་སྲུང་བྱ་བའི་དམིགས་ཡུལ།

        དུས་བཅད་ལྟར་བུད་མེད་དང་བྱིས་པའི་རྒྱུན་མཐོང་ནད་དང་མང་འབྱུང་ནད་ལ་སྤྱི་ཡོངས་ཀྱི་སྒོ་ནས་བརྟག་བཅོས་བྱས་ཏེ་མ་བུའི་ལུས་སེམས་བདེ་ཐང་གི་བྱ་བར་སྐུལ་འདེད་བྱེད་པ་དང་། སྦྲུམ་མའི་ཤི་ཚད་དང་བཙའ་བའི་སྔ་གཞུག་གི་བྱིས་པའི་ཤི་ཚད་ཇེ་དམའ་རུ་གཏོང་བ། སྤྱིར་ན་ཚད་ཇེ་དམའ་རུ་གཏོང་བ་དང་ནང་སྒོས་རྒྱུད་འདེད་ནད་དང་མཚན་མ་བརྒྱུད་ནས་འགོས་པའི་ནད་སོགས་ནད་རིགས་ཁ་ཤས་རྩད་ནས་དགག་སྟེ་མི་འབྱུང་བར་བྱས་ནས་མ་བུ་བདེ་ཐང་གི་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་དེ་རེད།

        གསུམ། མ་བུ་བདེ་སྲུང་བྱ་བའི་ཐབས་ལམ།

    ༡.རྩད་གཅོད་མཐིལ་རྟོགས་ཀྱི་སྒོ་ནས་གནས་ཚུལ་རྒྱུས་ལོན་བྱས་ཏེ་དེ་མཐུན་གྱི་འཆར་གཞི་ཇུས་འགོད་བྱེད་རྒྱུ།

    ༢.དཔེ་མཚོན་ལས་ཉམས་མྱོང་ལེགས་པར་བསྡུས་ཏེ་སྤྱི་ཡོངས་ལ་ཁྱབ་པར་བསྒྲག་རྒྱུ།

    ༣.འཆར་གཞི་དང་བཅས་ཆེད་ལས་མི་སྣའི་དཔུང་སྡེ་རབ་དང་རིམ་པ་སྐྱེད་སྲིང་བྱེད་རྒྱུ།

    ༤.ཆ་ཚང་བའི་སྒྲིག་ཁྲིམས་བ།  ཅའ་ཡིག་བཟོས་ཏེ་བྱ་བ་དངོས་ཀྱི་ནང་ཕན་ཚུན་སྐུལ་འདེད་ཀྱིས་ལས་དོན་གོང་དུ་སྤེལ་རྒྱུ།

    ༥.མ་བུ་བདེ་སྲུང་བྱ་བའི་ཁྱབ་བསྒྲགས་སློབ་གསོ་རྒྱ་ཆེར་བྱེད་རྒྱུ།

    ༦.ཡིག་ཆ་གསོག་འཇོག་དང་དུས་བཅད་ལྟར་སྡོམ་རྩིས་དབྱེ་ཞིབ་བྱེད་རྒྱུ་དང་། བརྡ་འཕྲིན་དོ་དམ་བཅས་གཙིགས་ཆེར་འཛིན་རྒྱུ།

 

        བཞི། མ་བུ་བདེ་སྲུང་བྱ་བའི་སྒྲིག་འཛུགས།

        བུད་མེད་བདེ་སྲུང་བྱ་བའི་འགན་ཁུར་ཇི་བཞིན་འགྲུབ་ཆེད་སྲིད་གཞུང་གིས་འཕྲོད་བསྟེན་སྲིད་འཛིན་རྩ་འཛུགས་དང་འཕྲོད་བསྟེན་ལས་དོན་སྡེ་ཁག་བཅས་སུ་རིམ་པ་སོ་སོའི་མ་བུ་བདེ་སྲུང་གི་ལས་ཁུངས་བཙུགས་ཏེ་མ་བུ་བདེ་སྲུང་གི་བརྡ་འཕྲིན་དྲ་བ་གྲུབ་པར་བྱས་པ་དང་། མ་བུ་བདེ་སྲུང་མི་སྣ་སྐྱེད་སྲིང་བྱས་པ་སོགས་གྲུབ་འབྲས་ཅུང་འབུར་དུ་ཐོན་པའི་བྱ་བ་མང་པོ་བསྒྲུབས།

    ༡.སྲིད་འཛིན་སྡེ་ཁག དེ་ཡང་འཕྲོད་བསྟེན་པུའུ་རུ་མ་བུ་འཕྲོད་བསྟེན་ཁང་བཙུགས་ཏེ་རྒྱལ་ཡོངས་ཀྱི་མ་བུ་འཕྲོད་བསྟེན་བྱ་བར་མགོ་ཁྲིད་བྱེད་པ་དང་། ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ཁུལ་སོ་སོའི་འཕྲོད་བསྟེན་ཐིན་དུ་མ་བུ་འཕྲོད་བསྟེན་ཐིན་ནམ་ཅུས་བཙུགས་ཏེ་རང་གི་མངའ་ཁོངས་ཀྱི་མ་བུ་འཕྲོད་བསྟེན་བྱ་བར་མགོ་ཁྲིད་བྱེད་པ། ས་གནས་དང་ཁུལ་གྱི་འཕྲོད་བསྟེན་ཅུས་ཀྱིས་མ་བུ་འཕྲོད་བསྟེན་ཚན་ཁག་དང་དེ་བཞིན་རྫོང་འཕྲོད་བསྟེན་ཅུས་ཀྱིས་མ་བུ་བདེ་སྲུང་སོའོ། ཞང་འཕྲོད་བསྟེན་ཁང་གིས་མ་བུ་བདེ་སྲུང་ཙུའུ་བཙུགས་ཡོད་པ་བཅས་རིམ་པ་སོ་སོ་ནས་མ་བུ་འཕྲོད་བསྟེན་བྱ་བར་འབད་འབུངས་ལྷོད་མེད་བྱེད་ཀྱིན་ཡོད།

        ༢.ཆེད་ལས་སྡེ་ཁག རང་རེའི་རྒྱལ་ཁབ་ཏུ་མ་བུ་བདེ་སྲུང་གི་ཆེད་ལས་སྡེ་ཁག་ལ་རིམ་པ་སོ་སོའི་མ་བུ་བདེ་སྲུང་གླིང་དང་། སོའོ། ས་ཚིགས། རུ་ཁག་བཅས་ཡོད་ལ། འདི་དག་གི་ཆེ་ཆུང་ནི་ནད་ཁྲི་ཡོད་མེད་དང་། དེའི་མང་ཉུང་། སྒོ་བཅོས་བྱ་བའི་རྒྱ་ཆེ་ཆུང་། ཞབས་འདེགས་ཞུ་ཡུལ་གྱི་རྒྱ་ཆེ་ཆུང་སོགས་ལ་ལྟོས་ཏེ་ཕྱེ་བ་ཡིན། ཆེད་ལས་སྡེ་ཁག་འདི་དག་གིས་གོང་རིམ་མ་བུ་བདེ་སྲུང་ཆེད་ལས་སྡེ་ཁག་གི་མཛུབ་སྟོན་དང་རིམ་པ་གཅིག་པའི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གི་མཛུབ་སྟོན་འོག་གོ་རིམ་དང་འཆར་གཞི་ལྡན་པའི་སྒོ་ནས་ནད་ཐོག་གི་བྱ་བ་རྨང་གཞིར་བཟུང་སྟེ། བདེ་སྲུང་དང་སྨན་བཅོས། ཚན་ཞིབ་བཅས་མཉམ་དུ་སྒྲུབ་བཞིན་ཡོད། གཞན་ད་དུང་རིམ་པ་སོ་སོའི་སྨན་ཁང་གི་མོ་ནད་ཚན་ཁག་དང་། བྱིས་ནད་ཚན་ཁག བདེ་སྲུང་ཚན་ཁག སྨན་དོན་ཁང་། འཕྲོད་བསྟེན་ས་ཚིགས་སོགས་གཞི་རིམས་ལས་ཁུངས་ནས་ཀྱང་མ་བུ་བདེ་སྲུང་བྱ་བར་ནུས་པ་ཆེན་པོ་ཐོན་བཞིན་ཡོད།།